-
མདུན་ངོས།
- འཕྲིན་གསར།

འཕྲིན་གསར། (133)
བྱང་རྩེ་ཆོས་རྗེ་རིན་པོ་ཆེ་ཁྲི་འདོན་བྱས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།རྒྱུད་སྨད་མཁན་ཟུར་རྗེ་སྒོ་སོག་རིན་པོ་ཆེ་ངག་དབང་གསུང་རབ་བསྟན་འཛིན་དགེ་ལེགས་མཆོག་བྱང་རྩེ་ཆོས་རྗེར་ཁྲི་འདོན་དང་གྲྭ་ཚང་སོ་སོར་གདན་ཞུ་དང་མཛད་སྒོ་འཚོགས་སོང་།
འཕགས་ཡུལ་གྱི་གདན་ས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སྐྱབས་རྗེ་སྒོ་སོག་རིན་པོ་ཆེ་རྒྱུད་སྨད་མཁན་ཟུར་ངག་དབང་གསུང་རབ་བསྟན་འཛིན་དགེ་ལེགས་མཆོག་ལ་འདི་ལོའི་ཕྱི་ཟླ་༨ཚེས་༡ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་རྩེ་ཆོས་རྗེའི་མཚན་གནས་ཀྱི་ཕྱག་རྟགས་ཕེབས་པ་ལྟར་ཟླ་བ་འདིའི་ཚེས་ ༢༧ ཉིན་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་དང་བྱང་རྩེ་གྲྭ་ཚང་གཉིས་སུ་ཁྲི་འདོན་མཛད་སྒོ་འཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་དུ་གདན་ས་ཁག་གི་མཁན་ལས་ཟུར་དང་ལས་སྣེ། གཞན་སྐུ་མགྲོན་གང་མང་ཕེབས་ཡོད་འདུག །མཛད་སྒོའི་ཉིན་༧བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་རྟེན་འབྲེལ་མཚོན་ཕྱིར་དུ་བྱང་ཆུབ་ལམ་རིམ་གྱི་ཆོས་འབྲེལ་ཞིག་ཀྱང་གནང་ཡོད་འདུག་ཅིང་། ཁ་སང་སྟེ་ཕྱི་ལོ་༢༠༡༧ལོའི་ཟླ་༨ཚེས་༣༠ཉིན་མཁན་བླ་དགེ་འདུན་མང་གིས་ཕེབས་བསུའི་ཁྲོད་༧བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་འདི་ག་སེ་ར་ཆོས་སྒར་དུ་ཕེབས་ཡོད་པ་དང་། ཐོག་མར་སེ་ར་ཐེག་པ་ཆེན་པོའི་གླིང་བླ་སྤྱིར་རྟེན་འབྲེལ་མཛད་སྒོ་འཚོགས་རྗེས་གྲྭ་ཚང་གཉིས་ལ་དགེ་འདུན་མང་གིས་ཕེབས་བསུ་དང་མཛད་སྒོ་འཚོགས་སོང་།
༧བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་ངག་དབང་གསུང་རབ་བསྟན་འཛིན་དགེ་ལེགས་མཆོག་ནི་ཕྱི་ལོ་ ༡༩༤༨ ལོར་བོད་ཤར་ཕྱོགས་ལི་ཐང་མོ་ཧ་ཞེས་པར་སྐུ་འཁྲུངས་པ་དང་། ཡོངས་འཛིན་རྒྱལ་ཚབ་སྟག་བྲག་རིན་པོ་ཆེ་མཆོག་གིས་སྒོ་སོག་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་འདུག །༡༩༥༩ ལོར་བྱེས་སུ་ཕེབས་ཏེ་སྦག་ས་ཆོས་སྒར་དང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གཉིས་སུ་གཞུང་ཆེན་ཁག་ལ་སློབ་གཉེར་གནང་སྟེ། དགུང་གྲངས་ ༣༦ གི་སྐབས་ལྷ་རམས་པའི་མཚན་རྟགས་བཞེས་འདུག །དེ་རྗེས་རྒྱུད་སྨད་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་སྔགས་ལ་ཐོས་བསམ་སློབ་གཉེར་གནང་ཞིང་སྔགས་རམས་པའི་མཚན་རྟགས་བཞེས་ཡོད་པ་དང་། རྒྱུད་སྨད་གྲྭ་ཚང་གི་མཁན་པོའི་མཛད་འཁུར་དང་། ཕྱི་ལོ་ ༡༩༩༢ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་པོར་བསྐོ་གཞག་མཛད་པ་ལྟར་མཁན་པོའི་མཛད་འགན་བཞེས་ཡོད་འདུག །གཞན་ཨ་རི་དང་འཇར་མན་ནི་སོགས་ཕྱིའི་རྒྱལ་ཁབ་དུ་མར་གདན་ཞུས་ལྟར་ཕེབས་ཏེ་དད་ལྡན་རྣམས་ལ་ནང་ཆོས་ཀྱི་ཟབ་ཁྲིད་གནང་མུས་སུ་ཡོད་འདུག་ལ། འདི་ལོའི་ཕྱི་ཟླ་༨ཚེས་༡ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་རྩེ་ཆོས་རྗེར་བསྐོ་བཞག་གི་བཀའ་ཡིག་ཕྱག་རྟགས་སྩལ་ཡོད་འདུག །
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༧།༠༨།༣༡ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།
དེ་ལས་མང་བ།...
དགའ་ལྡན་ཁྲི་རིན་པོ་ཆེ་ཆིབས་བསྒྱུར་བསྐྱངས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དགའ་ལྡན་ཁྲི་རིན་པོ་ཆེ་ཁྲི་ཐོག་བརྒྱ་དང་བཞི་པ་༧རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་འདི་ག་སེ་ར་ཆོས་སྒར་དུ་ཆིབས་བསྒྱུར་བསྐྱངས།
དེ་ཡང་ཕྱི་ལོ་༢༠༡༧ལོའི་ཟླ་༦ཚེས་༢༤ཉིན་༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་ཁྲི་ཐོག་བརྒྱ་དང་བཞི་པར་བསྐོ་བཞག་གི་བཀའ་ཡིག་རིན་པོ་ཆེ་སྩལ་གནང་མཛད་ཡོད་པ་དང་། ཕྱི་ཟླ་༨ཚེས་༤ཉིན་འཕགས་ཡུལ་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་དགའ་ལྡན་བླ་སྤྱི་དང་། དགའ་ལྡན་ཁྲི་ཐོག་ཁང་གཉིས་སུ་ཁྲི་འདོན་གྱི་མཛད་སྒོ་འཚོགས་འདུག །ཉིན་དེར་སྔ་དྲོའི་ཆུ་ཚོད་ ༥།༣༠ ལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག །འབྲས་སྤུངས་ཁྲི་པ་རིན་པོ་ཆེ་མཆོག །གདན་ས་གསུམ་གྱི་མཁན་པོ་དང་མཁན་ཟུར། ཕྱག་མཛོད་དང་སྐུ་ཚབ་རྣམ་པ། དགེ་ལུགས་སྤྱི་འཐུས། གཞན་ཡང་ལྷོ་སྤྱི་དབུས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་ཀྱིས་སྤྱན་རྒྱ་སྤོས་སྣེ་དང་བཅས་ཕེབས་བསུ་གཟབ་རྒྱས་དང་བཅས་ཏེ་དགའ་ལྡན་བླ་སྤྱིར་འཇམ་མགོན་རྒྱལ་བའི་གསེར་ཁྲི་མཐོན་པོར་མངའ་གསོལ་གྱི་མཎྜལ་རྟེན་གསུམ་འདེགས་འབུལ་དང་སྐུ་མགྲོན་རྣམས་ལ་མཇལ་ཁ་གནང་ཡོད་པ་དང་། ཁྲི་སྟོན་གྱི་མཛད་སྒོ་ཁག་ལེགས་པར་གྲུབ་རྗེས་དགའ་ལྡན་ཁྲི་ཐོག་ ༡༠༤ པ་༧རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་འདུས་མང་ཡོངས་ལ་བཀའ་སློབ་གནང་ཡོད་འདུག །དགའ་ལྡན་བླ་སྤྱིའི་མཛད་སྒོ་གྲུབ་རྗེས་སྔ་དྲོའི་ཆུ་ཚོད་ ༨།༣༠ ཡོལ་ཙམ་ལ་དགའ་ལྡན་བླ་སྤྱི་ནས་དགའ་ལྡན་ཁྲི་ཐོག་ཁང་དུ་རྟེན་འབྲེལ་མཛད་སྒོ་ཚོགས་ཡོད་པ་དང་། ཕྱི་ཚེས་ ༣ ཉིན་དགའ་ལྡན་བྱང་རྩེ་ཧར་གདོང་ཁམས་ཚན་དུ་སྔོན་འགྲོའི་ཁྲི་འདོན་མཛད་སྒོ་ཞིག་ཀྱང་ཚོགས་ཡོད་འདུག །ཕྱི་ཚེས་ ༥ ཉིན་དགའ་ལྡན་ཁྲི་ཐོག་ཁང་དུ་དགེ་ལུགས་སྤྱི་ཡིས་དགའ་ལྡན་ཁྲི་པ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གནང་འདུག །
ཕྱི་ཚེས་༩ཉིན་སྔ་དྲོའི་ཆུ་ཚོད་བདུན་པར་གྲྭ་ཚང་གཉིས་ཀྱི་མཁན་བླ་དགེ་བཤེས་དགེ་འདུན་མང་གིས་ཕེབས་བསུའི་ཁྲོད་༧དགའ་ལྡན་ཁྲི་རིན་པོ་ཆེ་སེ་ར་ཐེག་ཆེན་གླིང་དུ་ཆིབས་བསྒྱུར་བསྐྱངས་ཏེ་སེ་ར་བླ་སྤྱིར་མཛད་སྒོ་དང་བླང་དོར་བཀའ་སློབ་གནང་ཡོད་པ་དང་། དེ་རྗེས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་ཏེ་མཛད་སྒོ་དང་བཀའ་སློབ་གནང་ཡོད་འདུག །དེ་ནས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་ཏེ་མཁན་བླ་དགེ་འདུན་མང་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་ལྷན་མཛོམས་ཀྱིས་༧དགའ་ལྡན་ཁྲི་རིན་པོ་ཆེར་བརྟན་བཞུགས་ཕུལ་བ་དང་། ཕྱི་ཚེས་༡༠ཉིན་སེར་བྱེས་གྲྭ་ཚང་གི་ཆོས་རར་གདན་ཞུས་ཀྱིས་སྐྱ་སེར་མང་པོར་རྟེན་འབྲེལ་ལ་དམིགས་ཏེ་ཆོས་འབྲེལ་དུ་༧དགའ་ལྡན་ཁྲི་རིན་པོ་ཆེས་བྱང་ཆུབ་ལམ་རིམ་ཆེན་མོའི་དབུ་ནས་ཅུང་ཟད་ཅིག་གནང་རྗེས་ལམ་རིམ་གྱི་ས་བཅད་དང་ལམ་རིམ་བསྡུས་དོན་སྦྲགས་ཏེ་ཁྲིད་གནང་ཡོད་པ་དང་། དེ་རིང་སྟེ་ཕྱི་ཚེས་༡༡ཉིན་སེར་བྱེས་གཙང་པ་ཁམས་ཚན་དུ་དགའ་ལྡན་ཁྲི་རིན་པོ་ཆེར་བརྟན་བཞུགས་དང་ཆོས་འབྲེལ་དུ་རྟེན་འབྲེལ་བསྟོད་པའི་ལུང་གནང་ཡོད་འདུག
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༧།༠༨།༡༡ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།
༧དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།༄༅། །བློ་གྲོས་བཟང་པོའི་མེ་ལོང་གཅིག་གིས་གཞུང་བརྒྱའི་མདུད་རྒྱ་བསལ་བར་བྱེད། །
རྗེས་བརྩེ་གསེར་གྱི་ཐག་པ་རེ་ལ་ཀུན་སྣང་གསར་བའི་བདེ་དགའ་རྒྱས། །
ཐུབ་བསྟན་འཛིན་མའི་ས་ཁྱོན་འདི་ནས་མཁྱེན་རབ་འཕྲུལ་གྱིས་བརྒལ་བ་གང་། །
གདུལ་བྱ་རྒྱ་མཚོའི་གཙུག་སྐྱེས་རྩེ་ན་གདོད་མའི་འོད་ཀྱི་དབང་པོ་ཉིད། །
༧སྐྱབས་རྗེ་དམ་པ་༧རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་༧འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེའི་གསེར་ཁྲིར་མངའ་གསོལ་བྱུང་བར་གུས་སློབ་སེར་བྱེས་རིག་མཛོད་ཀྱི་ལས་བྱེད་ཡོངས་ནས་དགའ་དད་སྤྲོ་གསུམ་གྱིས་གུས་ཕྱག་གི་བརྩེགས་མ་སྔོན་དུ་བཏང་སྟེ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ༢༠༡༧ .༠༨.༠༤