- མདུན་ངོས།
- འཕྲིན་གསར།
འཕྲིན་གསར། (117)
ཚན་རིག་ཟབ་སྦྱོང་ཐེངས་གཉིས་པ་དངོས་སུ་འགོ་ཚུགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ཨ་རིའི་ཨེ་མོ་རིའི་མཐོ་སློབ་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་གོ་སྒྲིག་འོག་དེ་རིང་ནས་བཟུང་གདན་ས་ཁག་ཏུ་ཟླ་གཅིག་གི་ཚན་རིག་ཟབ་སྦྱོང་ཐེངས་གཉིས་པ་དངོས་སུ་འགོ་ཚུགས།
འདི་ག་སེ་ར་བྱེས་སྨད་གཉིས་ཀྱི་གྲྭ་ཚང་གི་ཚན་རིག་འཛིན་གྲྭར་ཕེབས་དགོས་པའི་སློབ་གཉེར་བ་རྣམས་ལ་ཟླ་གཅིག་གི་རིང་ལ། སྔ་དྲོ་དང་ཕྱི་དྲོར་འཛིན་གྲྭ་རེ་སྟེ། ཉིན་གཅིག་ལ་འཛིན་གྲྭ་གཉིས་རེ་བྱས་ནས། སེར་བྱེས་ཡིད་དགའ་ཆོས་གླིང་གི་ཚོགས་ཁང་དང་། སེར་བྱེས་ཚན་རིག་སྡེ་ཚན་གྱི་འཛིན་ཁང་དུ་ཚན་རིག་ཟབ་སྦྱོང་དངོས་སུ་འགོ་འཛུགས་གནང་ཡོད། ཚན་རིག་ཟབ་སྦྱོང་གནང་མཁན་གྱི་དགེ་རྒན་རྣམ་པ་ནི་ཨ་རིའི་ཨེ་མོ་རིའི་མཐོ་སློབ་ནས་ཕེབས་པའི་ཚན་རིག་ལྟ་གྲུབ་དང་། དངོས་ཁམས་ཚན་རིག། སྐྱེ་དངོས་ཚན་རིག །དབང་རྩ་ཚན་རིག་སོགས་ལ་མཁྱེན་རྒྱ་ཤིན་ཏུ་ཆེ་བའི་མཁས་དབང་རྐྱང་ཆེད་ཕེབས་གནང་ཡོད་འདུག །ཉིན་དང་པོའི་མཛད་སྒོའི་སྐབས་ཁོང་རྣམ་པས་གསུངས་སྲོལ་ལྟར་ན། ༧གོང་ས་རྒྱལ་བའི་དབང་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་སྒྲུབ་ཆེད་དུ་ཁོ་ཚོ་འདིར་ཡོང་བ་ཡིན་འདུག་ཅིང་། ང་ཚོ་ཚང་མས་ལྷག་བསམ་རྣམ་དག་དང་འབད་རྩོལ་ཞུམ་མེད། མཉམ་རུབ་ཀྱིས་ཆོས་ཚན་ཟུང་འབྲེལ་དང་། ལེགས་ཆ་དང་གོ་རྟོགས་སྤེལ་རེ་བཅས་བྱས་ཏེ་འཛམ་གླིང་འདིར་ཞི་བདེ་དང་མཉམ་གནས། ང་ཚོ་ཐུན་མོང་གིས་སོ་སོའི་རིག་གཞུང་གོང་འཕེལ་སོགས་ལ་ཤུགས་རྒྱག་དགོས་སྐོར་སོགས་ཀྱི་བཀའ་སློབ་ཀྱང་གནང་སོང་། སློབ་གཉེར་བ་དབྱིན་སྐད་མི་མཁྱེན་པ་རྣམས་ཀྱི་ཆེད་དུ་དགེ་འདུན་པའི་གྲས་ནས་དབྱིན་སྐད་དང་ཚན་རིག་འཛིན་གྲྭ་སྔོན་སོང་གི་འཛིན་གྲྭ་རྒན་པའི་ནང་ནས་བཀོད་སྒྲིག་བྱས་ཡོད་ཅིང་། ལོ་ཤས་གོང་ནས་ཨ་རིའི་ཨེ་མོ་རིའི་མཐོ་སློབ་ཏུ་སེར་བྱེས་གྲྭ་ཚང་གི་སློབ་གཉེར་བའི་ཁྲོད་ནས་རྩེ་བཏོག་གིས་སློབ་སྦྱོང་བྱེད་དུ་སོང་སྟེ་མཐར་ཕྱིན་པའི་གྲྭ་པ་གསུམ་ཡོད་པ་དག་གིས་བཀོད་སྒྲིག་དང་། སྐད་བསྒྱུར་སོགས་གཙོ་འགན་འཁུར་གྱིན་ཡོད།
དེ་ལས་མང་བ།...
བྱང་རྩེ་ཆོས་རྗེ་རིན་པོ་ཆེར་གྱ་སྟོན་བཤམས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་གྲྭ་ཚང་གིས་བྱང་རྩེ་ཆོས་རྗེ་རིན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པར་བརྟན་བཞུགས་ཕུལ།
༢༠༡༥ ལོའི་ཕྱི་ཟླ་༥ཚེས་༡༣ སྐུའི་བླ་གཟའ་སྟེ་རེས་གཟའ་ལྷག་པ་འབྱུང་འཕྲོད་དགེ་བའི་ཉིན་དང་བསྟུན། སེར་བྱེས་གཙང་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དགའ་སྟོན་རྟེན་འབྲེལ་དང་། སྐྱབས་རྗེ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་སླད་དུ། སེར་བྱེས་གྲྭ་ཚང་དུ་བརྟན་བཞུགས་དང་མཆོད་འབུལ་བསྙེན་བཀུར་རྒྱ་ཆེར་ཞུས་སོང་།
དེ་ཡང་ཞོགས་ཀའི་ཆུ་ཚོད་༦:༣༠ སྟེང་གྲྭ་ཚང་གི་རྒྱལ་སྲས་བླ་སྤྲུལ་བཀའ་རབ་འབྱམས་དགེ་བཤེས་དགེ་འདུན་དམངས་དང་བཅས་པ་གྲྭ་ཚང་གི་གཙུག་ལག་ཁང་དུ་འཛོམས་ཏེ། ཐོག་མར་སྐྱབས་རྗེ་མཆོག་ལ་བརྟན་བཞུགས་དང་། དེ་རྗེས་བྱང་རྩེ་ཆོས་རྗེ་རིན་པོ་དབུ་བཞུགས་ཐོག་༧གོང་ས་༧སྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་གི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། རླབས་ཆེན་གྱི་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པ་སོགས་ཀྱི་ཆེད་དུ་དམིགས། ཉིན་དེར་ཚོགས་ཐེངས་བཞི་བྱས་ཏེ་རྗེ་རིན་པོ་ཆེའི་གསུང་དྲང་ངེས་ལེགས་བཤད་སྙིང་པོ་དག་སྒྲོག་གསུངས་གནང་སོང་ལ། གོ་སྒྲིག་ཚོགས་ཆུང་ནས་དགེ་འདུན་དམངས་ལ་བསྙེན་བཀུར་གསོལ་ཇ། ཉིན་གུང་བཞེས་ལག །དགོངས་དྲོ་ཞལ་ལག་སོགས་གྲ་སྒྲིག་ཕུན་སུམ་ཚོགས་པ་གནང་འདུག
དམ་ཆོས་འདུལ་བའི་བགྲོ་གླེང་ཚོགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་གྲྭ་ཚང་གིས་གོ་སྒྲིག་འོག་སྡེ་པ་ཐ་དད་པའི་འདུལ་འཛིན་དག་འཛོམས་ཏེ་དམ་ཆོས་འདུལ་བའི་སྐོར་ལ་བགྲོ་གླེང་བྱས།
༢༠༡༤ ལོའི་ཟླ་ ༡༢ ཕྱི་ཚེས་༩ ཉིན་འཕགས་ཡུལ་སེར་བྱེས་མཁས་སྙན་གྲྭ་ཚང་ནང་བསྟན་གཙུག་ལག་སློབ་གཉེར་ཁང་གིས་གོ་སྒྲིག་ཞུས་ཏེ། ཤྲི་ལངྐ་སོགས་ནས་གདན་འདྲེན་ཞུས་པའི་གནས་བརྟན་སྡེ་པའི་འདུལ་འཛིན་ཆེན་པོ་རྣམས་དང་། འཇམ་མགོན་བསྟན་པའི་སྲོག་ཤིང་༧དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་རི་རྫོང་རིན་པོ་མཆོག །༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གི་དབུས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་དང་། ཆོས་རིག་བཀའ་ཟུར་མཆོག །གྲྭ་ཚང་བྱེས་སྨད་གཉིས་ཀྱི་དགེ་བསྐོས་དང་། བླ་སྤྲུལ་དགེ་བཤེས་རྣམ་པ། གྲྭ་ཚང་གི་འཛིན་གྲྭ་འདུལ་བ་ཡན་གྱི་སློབ་གཉེར་པ་རྣམས་དང་། ཕྱོགས་སོ་སོ་ནས་ཕེབས་པའི་འདུལ་འཛིན་དགེ་བའི་བཤེས་གཉེན་རྣམས་སེར་བྱེས་གྲྭ་ཚང་གི་ལྷུན་གྲུབ་ཁང་གསར་ཚོགས་ཁང་དུ་འཛོམས་ཏེ། སྔ་དྲོ་དང་ཕྱི་དྲོར་ཚོགས་ཐེངས་གཉིས་རེ་བྱས་ནས་ཉིན་གཉིས་ཀྱི་རིང་ལ་སྡེ་པ་སོ་སོའི་ལུགས་དང་། བཞེད་ཚུལ་ཐུན་མི་ཐུན་ཇི་ཡོད་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་སོང་།
དེ་ཡང་རེས་གཟའ་བཀྲ་ཤིས་ཀྱི་སྔ་དྲོ་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་ཚོགས་གཅར་པ་ཡོངས་ཚོགས་ཁང་དུ་འཛོམས་ཏེ་སྐུ་མགྲོན་གཙོ་གྲས་རྣམས་ཀྱིས་མར་མེ་ཞལ་འབྱེད་སོགས་གྲུབ་རྗེས། གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་བདེ་ལེགས་མཆོག་གིས་བགྲོ་གླེང་གི་དགོས་པ་དང་འབྲེལ་བའི་གསུང་བཤད་དང་། ༧དགའ་ལྡན་ཁྲི་རིན་པོ་ཆེས་ལམ་སྟོན་བཀའ་སློབ། དེ་རྗེས་སེར་བྱེས་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་ཉི་མ་བཀྲ་ཤིས་ཀྱིས་ཐུགས་རྗེ་ཆེ་ཞུ་བ་དང་། བགྲོ་གླེང་དངོས་གཞི་དབུ་བཙུགས། དངོས་གཞིའི་སྐབས་སུ་ཚོགས་ཐེངས་རེ་རེར་འདུལ་འཛིན་མཁས་དབང་རྣམས་ཀྱིས་རེ་མོས་སུ་གསུང་བཤད་གནང་།
སྔ་དྲོའི་ཚོགས་ཐེངས་དང་པོའི་སྐབས་དབྱིན་ཡུལ་ནས་ཕེབས་པའི་འདུལ་འཛིན་དགེ་སློང་ཕརཱ་མ་ཧཱ་བྷ་ས་ཀོརྣ་པིཡོ་ཕ་སཱོ་མཆོག་གིས་ཐེ་ལན་ཊིའི་གནས་བརྟན་སྡེ་པ་གཞིར་བྱས་པའི་དགེ་ཚུལ་སློང་གི་སྡོམ་པ་འབོགས་ཆོག་གི་སྐོར་གསུངས་སོང་། སྔ་དྲོའི་ཚོགས་ཐེངས་གཉིས་པའི་སྐབས། ཤྲི་ལངྐའི་ཀེལཱནིཡཱ་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་སློབ་དཔོན་ཆེན་མོ། ཀོལཱུ་པི་ཏིཡེ་མ་ཧིན་དྷ་ཐེརཱ་མཆོག་གིས་གནས་བརྟན་སྡེ་པའི་དགེ་ཚུལ་སློང་གི་སྡོམ་པའི་སྐོར་དང་། བྱང་རྩེ་ཆོས་རྗེ་རིན་པོ་ཆེས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་ལྟུང་བ་སྡེ་ལྔའི་སྐོར། ཝཱ་ཎ་སམ་པུར་ནཱནྣད་སཾསྐྲིཏའི་མཐོ་སློབ་ཀྱི་སློབ་དཔོན་ཌཀ་ཊཱར་རཱ་མེ་ཤཱ་པྲསད་མཆོག་གིས་གནས་བརྟན་སྡེ་པའི་སྡོམ་པའི་བརྒྱུད་རིམ་གྱི་སྐོར། བེང་གྷ་ལུརུ་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ཀྱི་ཚོགས་གཙོ་འདུལ་འཛིན་ཀ་ཤ་པ་མ་ཧཱ་ཐཱེ་ར་མཆོག་གིས་དབྱར་གནས་ཀྱི་སྐོར་ལ་གསུང་བཤད་གནང་བ་དང་། དྲི་བ་དང་དྲི་ལན་གནང་བ་བཅས་ཉིན་གཉིས་ཀྱི་བགྲོ་གླེང་གི་རྗེས། སྐུ་མགྲོན་རྣམས་དབུ་བཞུགས་ཀྱིས་མ་འོངས་པར་བྱེད་ཕྱོགས་ཀྱི་དགོངས་ཚུལ་བསྡུ་ལེན་གནང་བ་དང་། སེར་བྱེས་གྲྭ་ཚང་གི་མཁན་རིན་པོ་དང་། སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་སློབ། གྲྭ་ཚང་གིས་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ལེགས་འབུལ་དང་མཇལ་དར་སྒྲོན་པ་དང་། སེར་བྱེས་གྲྭ་ཚང་གི་ཕྱག་མཛོད་དགེ་བཤེ་ཐུབ་བསྟན་སྨོན་ལམ་གྱིས་ཐུགས་རྗེ་ཞུས་ཏེ་བགྲོ་གླེང་ཡོངས་སུ་གྲུབ།