- མདུན་ངོས།
- འཕྲིན་གསར།
འཕྲིན་གསར། (117)
གལ་ཆེའི་ངོ་སྤྲོད་དང་གསལ་བཤད་འགའ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
མཁྱེན་ཡངས་དོན་གཉེར་ཅན་དག་གི་སྙན་ལམ་དུ།
སྟབས་གསོལ།
དགོངས་མངའ་ལྟར་<སེར་བྱེས་རིག་མཛོད་ཆེན་མོའི་>དྲ་ཚིགས་འདི་ཉིད་རང་རེའི་ཆོས་རིག་སྲུང་སྐྱོབ་དང་དར་སྤེལ་ཆོས་རིག་ལ་མོས་པ་ཆེ་བའི་དོན་གཉེར་ཅན་དག་གི་ཆེད་དུ་གསར་བཟོ་དང་སྒྲིག་བཀོད་བྱས་པ་ཞིག་ཡིན་པ་དང་། དྲ་ངོས་སུ་ལེ་ཚན་གང་མང་ཞིག་ཡོད་པ་ལས་གཙོ་བོ་གཅིག་ནི་རིས་མེད་མཁས་པའི་གསུང་གི་སྒྲ་མཛོད་དེ་ཡིན་པ་དང་།
ཚན་པ་དེར་མཁས་པའི་གསུང་ཚན་བརྒྱ་ཕྲག་མང་པོ་ཞིག་བཞག་ཡོད་པ་དག་དྲ་ངོས་རྙིང་པར་སྒྲ་སྒྲིག་སྦྱོར་དང་། ཉན་བྱེད་ཀྱི་མཉེན་ཆས་ཤིག་ཉོས་ཏེ་སྒྲ་རྣམས་དེའི་ནང་དུ་སྒྲིག་བཟོ་བྱས་ཏེ་དྲ་ངོས་སུ་བཞག་ཡོད་ནའང་། མཉེན་ཆས་དེར་ཕབ་ལེན་མེད་པས་ཟུར་དུ་མཉེན་ཆས་ (SoundCloud) ནང་དུ་བླུགས་ཏེ་དྲ་ངོས་སུ་སྦྲེལ་སྣེ་མཐུད་ཡོད་ལ། ད་ལོ་དྲ་ངོས་བསྐྱར་སྒྲིག་བྱེད་སྐབས་སྒྲ་སྦྱོར་མཉེན་ཆས་དེ་བེད་མེད་ཏུ་གྱུར་འདུག་པས། གནས་སྐབས་སུ་སྒྲ་མཛོད་དྲ་ངོས་སུ་དཔེ་ཁྲིད་རྣམས་འདི་ག་རྩོམ་སྒྲིག་ཁང་གི་སྒྲ་མཛོད་དྲ་ཚིགས་ཟུར་པ་ (SoundCloud) ལ་སྦྲེལ་སྣེ་མཐུད་དེ་སྒྲིག་སྦྱོར་བྱས་ཡོད་ལ། རྗེས་འཆར་སྒྲ་སྦྱོར་མཉེན་ཆས་ལེགས་པོ་ཞིག་ལག་སོན་བྱུང་ཚེ་བསྐྱར་སྒྲིག་བྱེད་རྒྱུ་ཡིན།
སྒྲ་མཛོད་ཟུར་པ་དེའི་སྐོར་སྔོན་དུ་གསལ་བསྒྲགས་དང་གསལ་བཤད་སོང་ཟིན་པ་དང་། རྩིས་འཁོར་གྱི་ནང་དུ་རིག་མཛོད་དྲ་ངོས་ནས་གསུང་ཚན་གང་ཞིག་ཐོག་མར་ཁ་ཕྱེ་སྐབས་ཀུ་རུ་ཁའམ་ཁྲམ་རྟགས་( x ) ཟླུམ་ཐིག་གི་ནང་དུ་ཡོད་པ་ཞིག་ཤར་པ་དེ་གར་མཛུབ་གནོན་བྱས་ན་མཉན་རྟགས་དང་ཕབ་ལེན་གྱི་རྟགས་སོགས་ཤར་འོངས་པས་དེ་ནས་ཐུགས་མོས་ལྟར་གསན་པའམ་ཕབ་ལེན་བྱེད་ཐུབ།
ཁ་པར་སོགས་སུ་གསུང་ཚན་གང་ཞིག་ཐོག་མར་ཁ་ཕྱེ་སྐབས་རྒྱབ་ལྗོངས་དམར་པོ་དང་(Play on SoundCloud ) དབྱིན་ཡིག་འདི་མཉམ་སྦྱར་ཞེས་པ་ཞིག་དང་། རྒྱབ་ལྗོངས་ནག་པོར་དབྱིན་ཡིག་(Listen in browser) བྲིས་ཡོད་པ་ཞིག་བཅས་གཉིས་ཡོད་པ་ལས་རྒྱབ་ལྗོངས་ནག་པོ་ཅན་དེར་མཛུབ་གནོན་གཉིས་སམ་གནོན་ཙམ་བྱས་ཚེ་དཔེ་ཁྲིད་དེ་གསན་པའམ་ཕབ་ལེན་གནང་ཐུབ།
ཞེས་༢༠༡༩ ཕྱི་ཟླ་༠༥ ཚེས་༠༡ ཉིན་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་ཕུལ།
དེ་ལས་མང་བ།...
ཁྲི་རིན་པོ་ཆེར་བརྟན་བཞུགས་ཕུལ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེ་རིང་འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་རིན་པོ་ཆེ་ཁྲི་ཐོག་བརྒྱ་དང་བཞི་པ་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུས་སོང་།
དེ་ཡང་ཟླ་འདིའི་སྤྱི་ཚེས་ ༡༢ ཉིན་སེ་ར་ཐེག་ཆེན་གླིང་གི་མཁན་ལས་ཟུར་དང་། བླ་སྤྲུལ་དགེ་བཤེས་འདུས་ཚོགས་ཡོངས་ཀྱིས་ཕེབས་བསུའི་ཁྲོད་རི་བོ་དགེ་ལྡན་པའི་བསྟན་བདག་རྣམ་གསུམ་སེ་ར་ཐེག་པ་ཆེན་པོའི་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད་ཅིང་། ཕེབས་གདོང་མཛད་སྒོ་རྒྱ་ཆེར་གནང་ཡོད་པ་དང་།
བོད་རྒྱལ་ལོ་ ༢༡༤༦ དང་རབ་གནས་ས་ཕག་ལོའི་ཆུ་སྟོད་ཟླ་བའི་བོད་ཚེས་ ༡༤ དང་། སྤྱི་ལོ་ ༢༠༡༩ ལོའི་སྤྱི་ཟླ་ ༨ གྲལ་ཚེས་ ༡༤ རེས་གཟའ་ལྷག་པ་རྣམ་དཀར་དགེ་བའི་ཉིན་རི་བོ་དགེ་ལྡན་པའི་བསྟན་པའི་སྲོག་ཤིང༌། འཇམ་མགོན་རྒྱལ་བའི་གདུང་འཚོབ་༧སྐྱབས་རྗེ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་༧རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་ཆེད་དང་། སྐུའི་དགུང་ཀེག་གི་བར་ཆད་རང་སར་ཞི་སླད། སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་ཀྱིས་གཙོས་དགོན་སྡེ་ཁག་གི་མཁན་ལས་ཟུར་རྣམ་པ་དང་བོད་མི་མང་སྤྱི་འཐུས་རྣམ་པ། ས་གནས་ཁྲིམས་དྲུང་། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་གཞིས་འགོ་གཉིས་ཀྱི་དབུས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ལུགས་བདེ་གཉིས་ཀྱི་སྤྱི་མི་བརྒྱ་དཔོན་རྣམ་པ། སེ་ར་བྱེས་སྨད་གཉིས་ཀྱི་བླ་སྤྲུལ་དགེ་བཤེས་འདུས་མང་ཡོངས་མཉམ་འཛོམས་ཀྱིས་བརྟན་བཞུགས་འདེགས་འབུལ་ཞུས་སོང་།
[བསྟན་བདག་རྣམ་གསུམ་གྱི་ངོ་སྤྲོད་མདོར་བསྡུས་ཤིག་རྣམ་ཐར་གྱི་ཚོམས་སུ་ཡོད་པས་དེར་གཟིགས་པར་ཞུ།]
༢༠༡༩།༠༨།༡༤ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ་ཆིབས་བསྒྱུར་གནང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།འཁོན་རིགས་བསྟན་པའི་མངའ་བདག་ ༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སོང་།
དེ་ཡང་སྤྱི་ལོ་ ༢༠༡༩ ཟླ་ ༠༨ སྤྱི་ཚེས་ ༠༨ རེས་གཟའ་ཕུར་བུའི་ཉིན་འཁོན་རིགས་བསྟན་པའི་མངའ་བདག་ ༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་ཐོག་མར་སེ་ར་ཐེག་པ་ཆེན་པོའི་གླིང་ཚོགས་ཆེན་དུ་ཆིབས་བསྒྱུར་གནང་ཡོད་པ་དང་དེར་མཛད་སྒོ་གྲུབ་རྗེས། སེ་ར་བྱེས་སྨད་གཉིས་ཀྱི་སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པ་གཉིས་དང་མཁན་ཟུར་རིན་པོ་ཆེ་གཙོས་དབུ་ཆོས་རྣམ་པ་དང་། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཕྱག་མཛོད་ལྷན་རྒྱས། བླ་སྤྲུལ་དགེ་བཤེས་དང་འདུས་མང་ཡོངས་ཀྱིས་ཕེབས་བསུའི་ཁྲོད་འདི་ག་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཡི་དམ་ཁང་དུ་གནས་གཟིགས་སོགས་གྲུབ་མཚམས་བཞུགས་ཁྲིར་ཞབས་སོར་འཁོད་རྗེས་གྲྭ་ཚང་གི་མཁན་རིན་པོ་ཆེ་སོགས་ཀྱིས་མཎྜལ་འདེགས་འབུལ་ཞུས་ཤིང་། དེ་ནས་གྲྭ་ཚང་དུ་ལྗགས་སྨིན་གྲུབ་རྗེས་སེར་བྱེས་སློབ་གྲྭར་འཚམས་གཟིགས་དང་། དེ་རྗེས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཆིབས་བསྒྱུར་གནང་ཡོད་པ་དང་། ཁ་སང་འདི་ག་སྦེལ་ཀོབ་ས་གནས་ཀྱི་སྐྱ་སེར་འདུས་མང་ཡོངས་ལ་གསུང་ཆོས་བཀའ་དྲིན་སྩལ་ཡོད་འདུག །༧སྐྱབས་མགོན་ ༧ གོང་མ་ཁྲི་འཛིན་རིན་པོ་ཆེས་ཟླ་འདིར་རྒྱ་གར་ལྷོ་ཕྱོགས་སུ་མཛད་འཕྲིན་སྐྱོང་བཞིན་ཡོད་པ་ལྟར། འཕགས་ཡུལ་ལྷོ་ཕྱོགས་ཀྱི་རིས་མེད་ཀྱི་ཆོས་སྡེ་ཁག་ལ་ཞབས་ཀྱིས་བཅག་ཡོད་འདུག
༧སྐྱབས་མཆོག་འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་ངག་དབང་ཀུན་དགའ་བློ་གྲོས་དབང་ཕྱུག་རིན་ཆེན་འཇིགས་མེད་འཕྲིན་ལས་མཆོག་ནི་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་ལ་སྐུའི་གདུང་སྲས་གཉིས་ཡོད་པའི་ནང་ནས་སྐུ་བགྲེས་པ་དེ་ཡིན་ལ།
སྤྱི་ལོ་༡༩༧༤ ཟླ་༡༡ སྤྱི་ཚེས་༡༩ ཉིན་རྒྱ་གར་བྱང་ཕྱོགས་ལྡེ་ར་རྡུན་དུ་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་ངུའི་དུས་ནས་ཡབ་རྗེ་ས་སྐྱ་༧གོང་མ་ཁྲི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་གི་དབུས་བླ་མ་མང་པོའི་མདུན་ནས་དབང་ལུང་ཁྲིད་མན་ངག་མང་པོ་ཞུས་ཡོད་པ་དང་། དགུང་ལོ་དྲུག་ལ་ཕེབས་སྐབས་སྐུ་ཡི་ཡོངས་འཛིན་རིན་ཆེན་བཟང་པོ་ལགས་ཀྱི་མདུན་ནས་བོད་ཡིག་འབྲི་ཀློག་གིས་མཚོན་དག་ཡིག་སུམ་རྟགས། སྔོན་འགྲོའི་ཆོ་ག་ཆོས་སྤྱོད་ཀྱི་རིམ་པ་རྣམས་ཐུགས་འཛིན་དང་གསན་སྦྱོང་གནང་འགོ་ཚུགས།
༡༩༨༧ ལོར་དགུང་གྲངས་བཅུ་གཉིས་ལ་ཕེབས་པའི་སྐབས་བྱེས་ཀྱི་གདན་ས་ས་སྐྱ་ཆོས་སྒར་དུ་ཆོ་ག་ཆོས་སྤྱོད་དང་འདོན་རྟ་དབྱངས། རྔ་རྡུང་འབུད་དཀྲོལ། ཐིག་རྩ་རྡུལ་མཚོན་བཅས་རྒྱུགས་འབུལ་གནང་།
སྤྱི་ལོ་༡༩༩༠ ལོར་དཔལ་ས་སྐྱ་མཐོ་སློབ་དུ་སློབ་ཞུགས་གནང་སྟེ་མཁན་ཆེན་ལེགས་བཤད་ཀུན་དགའི་དྲུང་ནས་བཀའ་པོད་ལྔའམ་གཞུང་ཆེན་བཅུ་གསུམ། གྲགས་ཆེན་བཅོ་བརྒྱད་བཅས་གསན་བསམ་རྒྱ་ཆེར་མཛད་དེ། སྤྱི་ལོ་ ༡༩༩༨ ལོར་གཞུང་ལུགས་རབ་འབྱམས་ལ་མཁས་པའི་བཀའ་བཅུ་པའི་མཚན་གནས་ཀྱི་གཟེངས་བསྟོད་བཞེས་གནང་མཛད།
གཞན་ཡང་ཡབ་རྗེ་ཁྲི་ཆེན་ཞེ་གཅིག་པ་༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་མཆོག་དང་། བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ། ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ། མཁན་ཆེན་ཨ་པད་རིན་པོ་ཆེ། དེ་བཞིན་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོ་༧གོང་ས་༧སྐྱབས་མགོན་རྒྱལ་དབང་བཅུ་བཞི་པ་ཆེན་པོའི་དབུས་རིས་སུ་མ་ཆད་པའི་བླ་མ་རྣམས་ཀྱི་མདུན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཟབ་ཆོས་དབང་དང་བྱིན་རླབས། ལུང་དང་མན་ངག །གདམས་པ་དང་ཁྲིད་བཅས་གང་མང་གསན་བཞེས་གནང་།
དགུང་ལོ་ ༡༢ ཡན་མན་ནས་བཟུང་དབུ་བཙུགས་ཏེ་ཡི་དམ་དང་ཆོས་སྐྱོང་། མཁའ་འགྲོ་དང་སྲུང་མ་ཁག་གི་བསྙེན་མཚམས་མང་པོ་བསྐྱལ་གནང་ཡོད་པ་དང་། དཔལ་ས་སྐྱའི་སྙན་རྒྱུད་ཚད་མ་བཞི་ལྡན་ལམ་འབྲས་ལས་བརྩམས་པའི་ཟབ་ཆོས་མཐའ་ཡས་པ་རྣམས་གནང་རྒྱུའི་ཆ་རྐྱེན་ལྟ་བུར་ངེས་པར་སྔོན་འགྲོའི་ཆ་ལག་ཏུ་དགོས་པ་དཔལ་ཀྱཻ་རྡོ་རྗེའི་བསྙེན་མཚམས་བཅད་རྒྱ་དམ་པོའང་བཞུགས་གནང་མཛད་འདུག
༢༠༠༢ ལོར་ཚ་སྤྲུལ་ཚང་སྐལ་ལྡན་སྒྲོན་སྐྱིད་ལགས་གང་ཉིད་ཀྱི་བདག་མོར་ཁབ་ཏུ་བསུས་ཤིང་། རིགས་ཀྱི་སྲས་པོ་གདུང་སྲས་གཅིག་དང། རིགས་ཀྱི་སྲས་མོ་རྗེ་བཙུན་མ་གཉིས་བཅས་བྱོན་ཡོད་པ་རྣམས་ཀྱང་བསླབ་པ་སློབ་གཉེར་གྱི་མཛད་པར་འཇུག་བཞིན་ཡོད་འདུག
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་༤༡ པ་ཆེན་པོ་མཆོག་ནས་དཔལ་ས་སྐྱའི་ཁྲི་འཛིན་ལམ་ལུགས་ཐད་ལོ་རྒྱུས་རང་བཞིན་གྱིས་ལེགས་བཅོས་མཛད་རྒྱུའི་བཀའ་དགོངས་ཕེབས་པ་ལྟར། སྤྱི་ལོ་༢༠༡༤ལོའི་ཟླ་༥ ཚེས་༨ཉིན། ས་སྐྱའི་སྒྲོལ་མ་ཕོ་བྲང་དང་ཕུན་ཚོགས་ཕོ་བྲང་རྣམ་གཉིས་ཞལ་འཛོམས་ཀྱིས་མཁྱེན་ཡོན་མཐར་ཕྱིན་པའི་ཕོ་བྲང་གཉིས་ཀྱི་གདུང་སྲས་སྐུ་ན་བགྲེས་རིམ་བཞིན་དུས་ཡུན་ལོ་གསུམ་རེར་ས་སྐྱའི་གསེར་ཁྲིར་ཕེབས་རྒྱུ་གཏན་འབེབས་མཛད་ཡོད་པ་ལྟར། སྤྱི་ལོ་༢༠༡༧ ལོའི་ཟླ་༣ཚེས་༩ ཉིན་རྒྱ་གར་བྱང་ཕྱོགས་སྤུ་རུ་ཝ་ལ་དཔལ་ས་སྐྱའི་མ་དགོན་དུ། ༧གོང་མ་རཏྣ་བཛྲ་རིན་པོ་ཆེར་ས་སྐྱའི་ཁྲི་འཛིན་༤༢ པའི་མཚན་གསོལ་ཞུས་ཏེ། ཆོས་ཕྱོགས་དང་ཕྱི་ལུགས་ཀྱི་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་གཟབ་རྒྱས་འཚོགས་ཡོད་པ་དང་། སྐྱབས་མགོན་༧གོང་མ་རཏྣ་བཛྲ་རིན་པོ་ཆེ་ཁྲི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་གསེར་ཁྲིར་ཞབས་སོར་འཁོད་ཡོད་འདུག
༢༠༡༩།༠༨།༡༢ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།