-
མདུན་ངོས།
- འཕྲིན་གསར།

འཕྲིན་གསར། (133)
དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་གི་གསུང་ཆོས་དབུ་ཚུགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།འཇམ་མགོན་ྋརྒྱལ་བའི་ྋརྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་ྋརྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༤ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་དུ་གསུང་ཆོས་དངོས་སུ་དབུ་ཚུགས།
དེ་ཡང་གསུང་ཆོས་གནང་རྒྱུའི་རྩ་འགྲེལ་གྱི་གཞུང་ཁག་ནི། རྗེ་བཙུན་བྱམས་པ་མགོན་པོའི་གསུང་ཕར་ཕྱིན་གྱི་རྩ་བ་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན། དེའི་འགྲེལ་པ་སློབ་དཔོན་སེངྒེ་བཟང་པོའི་གསུང་འགྲེལ་པ་དོན་གསལ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་གསུང་ལེགས་བཤད་གསེར་གྱི་ཕྲེང་བ་བཅས་སྦྲགས་ནས་གསུང་གནང་མཛད་རྒྱུ་བཅས་གསུང་ཆོས་གསལ་བསྒྲགས་སུ་འཁོད་པ་ལྟར་ཡིན།
དེ་ཡང་བརྗོད་བྱའི་དོན་ནི། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་བསྡུས་དོན་ཤེར་ཕྱིན་གྱི་གཞུང་སྦས་དོན་མངོན་པར་རྟོགས་པའི་རིམ་པ་རྣམས་གསལ་བར་སྟོན་པའི་རྩ་འགྲེལ་གྱི་གཞུང་གལ་གནད་ཆེ་བ་ཁག་ཡིན།
༢༠༢༢ ཟླ་ ༡༢ ཚེས་ ༤ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས།
དེ་ལས་མང་བ།...
རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་བཞི་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ྋསྤྱི་ནོརྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་ཏེ། རང་སྡེ་ནང་པ་ཐུན་མོང་བའི་བརྗོད་གཞི་དམ་པའི་ཆོས་འདུལ་བའི་ཐོག་ནས་གོ་རྟོགས་གོང་འཕེལ་དང་། ཐུགས་མཐུན་ཁྲིམས་གཙང་ཡོང་སླད། རྒྱ་གར་དང་། ཤྲཱི་ལངྐ། ཨིན་ཌོ་ནེ་ཤི་ཡ། ཐེ་ལནྜ། མ་ལེ་ཤི་ཡ། ཐེ་ཝན་བཅས་ནས་འཕགས་པ་གནས་བརྟན་སྡེ་པ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། ཆོས་སྲུང་སྡེ་པ་བཅས་ཀྱི་དགེ་སློང་འདུལ་བ་འཛིན་པ་རྣམས་གདན་འདྲེན་ཞུས་ཏེ། གཉུང་མར་གནས་པའི་གདན་སའི་འདུལ་བ་འཛིན་པ་ཆེན་པོ་རྣམས་དང་ལྷན་དུ་"རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་"ཞེས་པའི་བརྗོད་གཞིའི་ཐོག །ཕྱི་ལོ་༢༠༢༢ ཟླ་༡༢ པའི་ཚེས་༡ ནས་ ༣ བར་སེར་བྱེས་བཀྲ་ཤིས་ཆོས་གླིང་ཚོགས་ཁང་དུ་འཚོགས་པ་དང་། དེའི་སྐབས་དངོས་སུ་ཚོགས་ཞུགས་པ་རྣམས་དང་། འཛམ་གླིང་གང་སར་དྲ་ཐོག་ཐད་གཟིགས་གནང་མཁན་རྣམས་ལ་བོད་སྐད། དབྱིན་སྐད། རྒྱ་སྐད་བཅས་སྐད་རིགས་གསུམ་གྱི་ཐོག་སྒྲ་སྒྱུར་དང་བཅས་འཚོགས་ཡོད།
༢༠༢༢ ཟླ་ ༡༢ ཚེས་ ༢ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
ཕྱག་མཛོད་སྐབས་ཉེར་གཉིས་པའི་མཆོད་འབུལ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་མཁས་སྙན་གྲྭ་ཚང་གི་སྐབས་ཉེར་གཉིས་པའི་ཕྱག་མཛོད་ཆེན་མོ་དགེ་བཤེས་ངག་དབང་བཟང་པོ་མཆོག་དང་། དགེ་བཤེས་བློ་བཟང་སྒྲ་དབྱངས། དགེ་བཤེས་ཤེས་རབ་རྒྱ་མཚོ། དགེ་བཤེས་བློ་བཟང་བཀྲ་ཤིས་བཅས་ནས། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༤ ཚེས་ ༡ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྐབས་ཉེར་གཉིས་པའི་ཕྱག་མཛོད་ཀྱི་ལས་འགོར་དངོས་སུ་ཚུགས་ནས་ལོ་ངོ་གསུམ་གྱི་རིང་ལྷག་བསམ་རྣམ་དག་གིས་གྲྭ་ཚང་རིན་པོ་ཆེར་སྲི་ཞུའི་ལས་དོན་རྒྱ་ཆེར་མཐར་སོན་གནང་སྟེ། སྐབས་ཉེར་གསུམ་པའི་ཕྱག་མཛོད་ཆེན་མོ་དགེ་བཤེས་ངག་དབང་བྱང་ཆུབ་མཆོག་དང་། དགེ་བཤེས་པ་བཟང་ཟླ་བ། དགེ་ངག་དབང་བརྩོན་འགྲུས། དགེ་བཤེས་ངག་དབང་རིག་གྲོལ་བཅས་ལ་རྩིས་སྤྲོད་ལེན་ལེགས་པར་གྲུབ་སྟེ། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༩ ཉིན་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་མཆོད་འབུལ་ཟབ་རྒྱས་གནང་།
༢༠༢༢ ཟླ་ ༡༡ ཚེས་ ༢༠ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས།