- མདུན་ངོས།
- འཕྲིན་གསར།
འཕྲིན་གསར། (117)
སེར་བྱེས་གྲྭ་ཚང་དུ་སྔགས་ཀྱི་འཛིན་གྲྭ་གསར་འཛུགས་གནང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་སློབ་ལམ་སྟོན་ཞུས་པའི་འོག་ཕྱི་ལོ་༢༠༢༢ ཟླ་ ༦ ཚེས་ ༡༠ ཉིན་མཁས་གྲུབ་བྱེ་བའི་འབྱུང་གནས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་སྔགས་ཀྱི་འཛིན་གྲྭ་ཞིག་གསར་འཛུགས་གནང་བ་དང་། འཛིན་གྲྭ་འདིའི་དུས་ཡུན་ལོ་གཅིག་དང་། འཚོགས་ཡུན་ཟླ་བ་བདུན་དང་བདུན་ཕྲག་རེར་ཉིན་ལྔ་ལ་འཚོགས་དགོས་པ་དང་། བསླབ་གཞི་ནི་རྗེའི་སྔགས་རིམ་ཆེན་མོ་ཡིན་ཞིང་དེ་འབྲེལ་སྣ་ཚོགས་ཟུར་བལྟ་གནང་རྒྱུ་ཡིན་འདུག །ཐོག་མའི་ཟླ་གཉིས་ལ་རྒྱུད་སྡེ་འོག་མ་གསུམ་དང་། དེ་ནས་ཟླ་གཉིས་ལ་བསྐྱེད་རིམ། དེ་ནས་ཟླ་གཉིས་ལ་རྫོགས་རིམ་གཟིགས་དགོས་རྒྱུ། ལོ་གཅིག་གི་བསླབ་གཞི་ཡོངས་སུ་རྫོགས་ནས་བྲིས་རྒྱུགས་དང་རྩོད་རྒྱུགས་གཏོང་རྒྱུ་ཡིན་པ་དང་། རྒྱུགས་འབྲས་ལ་གཞིགས་ནས་སྔགས་ཀྱི་འཛིན་གྲྭ་རྫོགས་པའི་ཕྱག་འཁྱེར་ཚད་ལྡན་ཡང་འབུལ་འཆར་ཡོད་འདུག །དེ་ཡང་གདན་ས་འདི་ག་ནས་དགེ་བཤེས་ཐོན་ཟིན་པ་རྣམས་ལོ་གཅིག་རྒྱུད་གྲྭ་སྟོད་སྨད་ཀྱི་ཆོས་ཐོག་འགྲིམས་དགོས་པ་དང་། དེ་ནས་གྲྭ་ཚང་དུ་ཞབས་ཞུ་ལོ་གཅིག་ཞུས་མཚམས་ནས་སྔགས་ཀྱི་འཛིན་གྲྭ་འདི་འགྲིམས་དགོས་པ་ཡིན་འདུག །
ཕྱི་ཟླ་ ༦ ཚེས་ ༡༠ ཉིན་སྔགས་ཀྱི་འཛིན་གྲྭ་དབུ་འཛུགས་ཀྱི་མཛད་སྒོའི་ཚོགས་མགོན་དུ་ཞྭ་སེར་བསྟན་པའི་མངའ་བདག་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་ནས་གསང་སྔགས་རྡོ་རྗེ་ཐེག་པའི་གལ་གནད་སྐོར་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་བ་དང་།
གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་བསྟན་འཛིན་བྱམས་པ་ཆོས་བཟང་དཔལ་བཟང་པོ་མཆོག་ནས་སྔགས་ཀྱི་འཛིན་གྲྭ་ཚུགས་རྒྱུའི་སྐོར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསན་ཇི་ལྟར་ཕུལ་བ་དང་། ༧གོང་ས་མཆོག་ནས་སྔགས་ཀྱི་སློབ་གཉེར་ཚུགས་ཐུབ་པར་ཤིན་ཏུ་དགེ་མཚན་ཆེ་བའི་སྐོར་ཐུགས་དགྱེས་ཚོར་དང་བཅས་བཀའ་སློབ་ཇི་ལྟར་གནང་བ་དང་། དེ་ནས་གྲྭ་ཚང་རང་གི་མཁས་པའི་ལྷན་ཚོགས་སུ་འཛིན་གྲྭ་འཛུགས་ཕྱོགས་དང་། མ་འོངས་པར་འཛིན་གྲྭ་འདིའི་ནང་ལས་རིམ་ཇི་ལྟར་བསྐྱང་རྒྱུའི་སྐོར་བཀའ་བགྲོས་ཇི་ལྟར་མཛད་པ་སོགས་ཀྱི་སྐོར་སོགས་བཀའ་སློབ་གནང་།
ལུང་རིགས་བྱེ་བའི་གཏེར་མཛོད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་དཔལ་བཟང་པོ་མཆོག་ནས་གྲྭ་ཚང་རིན་པོ་ཆེ་འདི་ཉིད་ཀྱི་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ཀྱིས་ཕྱག་ལས་གང་གནང་བར་འདུས་མང་ནས་རྒྱབ་སྐྱོར་དགོས་རྒྱུ་གལ་ཆེའི་སྐོར་དང་། ཚོགས་པ་འདིའི་ནང་གི་དགེ་འདུན་པ་སོ་སོའི་ལས་དོན་གང་ཡོད་གྲྭ་ཚང་རིན་པོ་ཆེ་སྙིང་བཅངས་ཀྱི་ཐོག་ནས་བསྒྲུབ་དགོས་པ་སོགས་བླང་དོར་བཀའ་སློབ་ཟབ་རྒྱས་གནང་།
མདོ་རྒྱུད་བསྟན་པའི་མཛོད་འཛིན་རྒྱུད་སྨད་བླ་མ་དབུ་མཛད་དགེ་བཤེས་ངག་དབང་སངས་རྒྱས་མཆོག་ནས་འཛམ་གླིང་འདིར་གསང་སྔགས་ཀྱི་བསྟན་པ་དར་བ་ལ་ཆོས་སྡེ་ཆེན་པོ་འདི་ལྟ་བུ་ནས་དར་དགོས་པའི་སྐོར་དང་། གསང་སྔགས་གཞུང་ལ་འཇུག་པར་སྤྲོ་བ་འཕེལ་བའི་ཆེད། རྗེ་ཙོང་ཁ་པས། འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ། །ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག །རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས། །ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས། །ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས། །ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ། །ཟབ་མོའི་ཐེག་དེ་ཇི་ལྟ་བུ་ཞིག་ཅེས། །ཚོལ་བར་མི་བྱེད་མཁས་པའི་ཁུར་འཛིན་པ། །དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན། །དེ་ལས་གཞན་པའི་དབང་པོ་རྟུལ་པོ་གང་། །ཞེས་པ་ལུང་འདྲེན་དང་བཅས་གསང་སྔགས་ལ་འཇུག་པར་སྤྲོ་བ་སྐྱེ་བའི་བཀའ་སློབ་ཟབ་རྒྱས་གནང་།
དེ་ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་བསྐོས་མཆོག་ནས་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ་དམིགས་བསལ་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ལ་ཡི་རང་བསྔགས་བརྗོད་དང་། འདུས་མང་ཡོངས་ནས་ཕྱག་དཔེ་བལྟ་རྒྱུའི་གོ་སྐབས་བསྐྲུན་པ་ལས་སྣེ་ཡོངས་ཀྱི་བཀའ་དྲིན་ཡིན་པ་ནམ་ཡང་བརྗེད་ཐབས་མེད་པའི་སྐོར་བཅས་གསུངས་ནས་མཛད་སྒོ་འཇུག་ཡོངས་སུ་གྲུབ།
༢༠༢༢ ཟླ་ ༦ ཚེས་༡༠ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
དེ་ལས་མང་བ།...
བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྦེལ་ཀོབ་ཁུལ་དུ་འཚམས་གཟིགས་སུ་ཕེབས་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་མཛད་ཁུར་བཞེས་ཏེ་ལོ་ངོ་གཅིག་འཁོར་མཚམས་ཕྱི་ཟླ་ ༥ པའི་ཚེས་ ༢༨ ནས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ལ་འཚམས་གཟིགས་སུ་ཕེབས་ཡོད་ཅིང་། ཐོག་མའི་ཉིན་གསུམ་རིང་རྒྱ་གར་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། སྤྱི་ཁྱབ་དྲུང་ཆེ་རྣམ་གཉིས་དང་མཇལ་འཕྲད་གནང་བ་སོགས་མཛད་རིམ་གལ་ཆེན་ཁག་ཅིག་བསྐྱངས་གྲུབ་རྗེས་ཕྱི་ཚེས་ ༣༡ ཉིན་སྦེལ་ཀོབ་གཞིས་ཆགས་སུ་ཕེབས་འབྱོར་གྱིས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་གཞུང་སྒོ་གསར་པ་དབུ་འབྱེད་མཛད་པ་དང་། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་སོགས་སློབ་གྲྭ་ཁག་དང་། སེ་ར་བྱེས་སྨད་གཉིས་དང་། ཐེག་མཆོག་རྣམ་གྲོལ་གླིང་། བཀྲ་ཤིས་ལྷུན་པོ་སོགས་དགོན་སྡེ་གྲྭ་ཚང་ཁག་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་སྨན་ཁང་། གྲོང་སྡེ་ཁག་དང་རྒས་གསོ་ཁང་སོགས་སུ་ཉིན་ ༤ རིང་འཚམས་གཟིགས་གནང་།
ད་ལན་གྱི་འཚམས་གཟིགས་སྐབས་སློབ་གྲྭ་ཁག་དང་། དགོན་སྡེ། མི་མང་བཅས་ལ་གསུང་བཤད་གནང་བ་རྣམས་དང་། དྲི་བར་ལན་འདེབས་གནང་བ་བཅས་ཀྱི་ནང་དོན་སྙིང་བསྡུས་བྱས་ན། ད་ལན་ལྷོ་ཕྱོགས་ཁུལ་ལ་འཚམས་གཟིགས་གནང་བའི་དགོས་དོན་ནི། ཕྱོགས་གཅིག་ནས་ཁོང་གིས་སྲིད་སྐྱོང་གི་འགན་ཁུར་གྱི་སྟེང་དུ་སྒྲིག་འཛུགས་ཀྱི་ལྷན་ཁང་བཞིའི་བཀའ་བློན་གྱི་འགན་ཡང་འཁུར་དགོས་ཀྱི་ཡོད་སྟབས་མང་ཚོགས་ཀྱི་དངོས་ཡོད་གནས་སྟངས་གང་འདྲ་ཡིན་མིན་མཁྱེན་རྟོགས་གསལ་བོ་ཡོང་སླད་ཕེབས་པ་ཡིན་སྐོར་དང་། ཕྱོགས་གཞན་ནས། བཙན་བྱོལ་བོད་མི་སྤྱི་ཡོངས་དང་ལྷག་པར་དུ་གཞོན་སྐྱེས་རྣམས་ནས་གལ་གནད་ཆེ་ཤོས་སུ་བརྩིས་ཏེ་ ༧གོང་ས་མཆོག་གི་དགོངས་གཞི་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སྐབས་ ༡༦ པའི་བཀའ་ཤག་གི་སྲིད་བྱུས་བཞེངས་ཕྱོགས་དང་ལས་དོན་བྱེད་ཕྱོགས། བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་ཐད་ལ་གོ་རྟོགས་སྤེལ་བའི་ཆེད་དང་། བཙན་བྱོལ་བོད་མི་རྣམས་ཀྱིས་བོད་མིའི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས། བོད་མིའི་རྩ་དོན་འཐབ་རྩོད་བཅས་ཀྱི་ཐོག་ནུས་པ་མཉམ་སྤུངས་གནང་དགོས་པའི་གལ་གནད་སྐོར་སོགས་གསུངས་ཡོད་པ་བཅས་གསར་གནས་སྙིང་བསྡུས་སུ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ཟླ་ ༦ ཚེས་ ༥ ཉིན།
༢༠༢༢ ལོ་གསར་འཚམས་འདྲི།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།བཀྲ་ཤིས་དང་པོ་ལུས་བདེ་སེམས་སྐྱིད་རང་དབང་དཔལ་གྱིས་འཚོ། །
བཀྲ་ཤིས་གཉིས་པ་ཤེས་རིག་ཡོན་ཏན་མངའ་ཐང་འབྱོར་བ་རྒྱས། །
བཀྲ་ཤིས་གསུམ་པ་དྲང་བདེན་ལྷག་བསམ་ཡ་རབས་ལས་ལ་གཞོལ། །
བཀྲ་ཤིས་དཔལ་གྱིས་ཡངས་པའི་འཇིག་རྟེན་ཀུན་ཏུ་ཁྱབ་གྱུར་ཅིག །
ཅེས་བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་ཕོ་སྟག་གི་ལོའི་གནམ་ལོ་གསར་ཚེས་ལ་ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་འཛམ་གླིང་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་ཞི་ཞིང་། སྐྱེ་འགྲོ་ཀུན་གྱིས་རང་དབང་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་སྨོན་འདུན་གྲངས་མེད་ཞུ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ༢༠༢༢།༠༣།༠༣ལ།