- མདུན་ངོས།
- འཕྲིན་གསར།
- གནས་འཕྲིན་གཞན།
གནས་འཕྲིན་གཞན། (29)
མཁན་རིན་པོ་ཆེ་ཕྱོགས་ཕེབས་ཀྱི་མཛད་རིམ་སྙིང་བསྡུས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་མཁས་སྙན་གྲྭ་ཚང་གི་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལོ་དགོན་སྤྲུལ་སྐུ་བསྟན་འཛིན་བྱམས་པ་ཆོས་བཟང་མཆོག་ཕྱི་ལོ་༢༠༡༧ལོའི་ཕྱི་ཟླ་དྲུག་པ་དང་བདུན་པའི་ནང་ལ་ཨ་རི་སོགས་སུ་ཕེབས་ཏེ་མཛད་འཕྲིན་བསྐྱངས།
༢༠༡༧/ ༦/ ༨ ཉིན་ཨ་རིའི་ནིའུ་ཡོག་ཏུ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པ་ལྟར་༧སྐྱབས་རྗེ་མཁན་རིན་པོ་ཆེ་དབུ་བཞུགས་ཀྱིས་མ་ཧཱ་གུ་རུའི་འབུམ་ཚོགས་ཚོགས་ཤིང་། འབུམ་ཚོགས་སྐབས་༧མཁན་རིན་པོ་ཆེས་དད་ལྡན་མི་དམངས་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་།
༦/༩ ཉིན་ནིའུ་ཡོག་ཏུ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པ་ལྟར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་།
༦/༡༠ ཉིན་ནིའུ་ཡོག་ཏུ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པ་ལྟར་ཡི་དམ་རྟ་མགྲིན་ཡང་གསང་གི་རྗེས་གནང་གནང་།
༦/༡༡ ཉིན་ཨ་རིའི་ཕི་ལ་འདྲེལ་ཕི་ཡ་རུ་དད་ལྡན་འགའ་ཞིག་གིས་གསོལ་འདེབས་ཞུ་བ་བཞིན་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྗེས་གནང་གནང་།
༦/༡༩ ཉིན་ཨ་རིའི་བོ་སི་ཏྲེན་དུ་ནང་ཆོས་ངོ་སྤྲོད་གནང་།
༦/༢༠ ཉིན་ཨ་རིའི་བོ་སི་ཏྲེན་ཀུ་རུ་ཀུ་ལ་ཆོས་ཚོགས་སུ་དོན་གཉེར་ཅན་འགའ་ཞིག་ལ་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཁྲིད་གནང་།
༦/ ༢༤ ཉིན་སེར་བྱེས་ཁེ་ན་ཌ་ནང་པའི་རིག་གཞུང་བསྟི་གནས་ཁང་གིས་གསོལ་འདེབས་ཞུ་བ་ལྟར། ཁེ་ན་ཌ་ཁྲོ་རོན་ཊོར་གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་ཚོགས་ཁང་དུ་མི་དམངས་རྣམས་ལ་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་གཙོ་བོར་གྱུར་པའི་སྔོན་འགྲོའི་གསུང་ཆོས་དང་། རྟ་མགྲིན་ཡང་གསང་གི་རྗེས་གནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་བརྟན་གསོལ་འདེབས་རབ་འབྱམས་རྒྱལ་བ་མ་དང་། རྒྱལ་བའི་མཚན་སྔགས་ཀྱི་ལྗགས་ལུང་བཅས་གནང་ཞིང་། མཇུག་ཏུ་བོད་མི་ཡོངས་ཀྱིས་འདོར་དུ་མི་རུང་བའི་འགན་འཁྲི་༧རྒྱལ་བ་ཐམས་ཅད་མཁྱེན་པའི་བཀའ་དགོངས་ཟབ་མོ་རྣམས་ངེས་པར་ཚུལ་བཞིན་ལག་བསྟར་གྱིས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྲོ་ཐུབ་པར་བོད་མི་ཡོངས་ཀྱིས་འབད་བརྩོན་གནང་དགོས་པ་དང་། དེ་ལྟར་གནང་ན་ངེས་པ་དོན་གྱི་བརྟན་ཞུགས་དང་། དེ་བཞིན་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་སྤྱི་ནོར་བོད་ཀྱི་ཆོས་དང་རིག་གཞུང་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་གནང་དགོས་པ་གལ་ཆེ་བ་དང་། བོད་མི་རྒན་གཞོན་བར་གསུམ་ཡོངས་ནས་བོད་ཀྱི་སྐད་ཡིག་ལ་དོ་སྣང་གནང་དགོས་པ་སོགས་ཀྱི་བཀའ་སློབ་གནང་།
༦ / ༢༥ ཉིན་ཁེ་ན་ཌ་གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གིས་འཛིན་སྐྱོང་འོག །རེས་གཟའ་ཉི་མའི་བོད་ཡིག་སློབ་གྲྭས་ལོ་ལྟར་ལོ་གཅིག་གི་སློབ་མཇུག་གི་ཉིན་མཐའ་མ་དེར། ༼ གངས་ལྗོངས་ང་ཚོའི་ཕ་ཡུལ། ༽ཞེས་འཛིན་གྲྭ་སོ་སོས་ཐུན་མོང་མ་ཡིན་པའི་བོད་མི་རིགས་ཀྱི་རིག་གཞུང་དང་འབྲེལ་བ་ཡོད་པའི་འགྲེམས་སྟོན་ཞིག་གོ་སྒྲིག་བྱེད་ཀྱིན་ཡོད་པ་ལྟར། ལོ་འདིའི་འགྲེམས་སྟོན་གྱི་ལས་རིམ་དེར་སྐུ་མགྲོན་གཙོ་བོར་༧སྐྱབས་རྗེ་མཁན་རིན་པོ་ཆེ་གདན་ཞུ་གནང་བ་བཞིན་ཆེད་ཕེབས་གནང་ཞིང་། གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་ཚོགས་གཙོས་མཁན་རིན་པོ་ཆེར་ཕེབས་བསུའི་འཚམས་འདྲི་གནང་བ་དང་། དེ་རྗེས་ཤེས་ཡོན་འགན་འཛིན་དང་དགེ་ཆེ་བཅས་ཀྱིས་གསུང་བཤད་གནང་གྲུབ་མཚམས། ༧སྐྱབས་རྗེ་མཁན་རིན་པོ་ཆེས་ལས་བྱེད་དང་དགེ་སློབ། ཁྱིམ་བདག་བཅས་ལ་གནའ་དེང་གི་ཤེས་ཡོན་སློབ་གསོ་གནང་སྟངས་དང་། བོད་ཀྱི་གདན་ས་གྲྭ་ཚང་ཁག་གི་ནང་དུ་དེང་རབས་ཚན་རིག་གི་སློབ་སྦྱོང་ལམ་ལུགས་གསར་དུ་དབུ་འཛུགས་གནང་དགོས་དོན་སོགས་ལས་འཕྲོས་ཏེ། བོད་མི་རིགས་ཀྱི་མ་འོངས་སོན་རྩ་རུ་གྱུར་པའི་བོད་རིགས་ཕྲུ་གུ་འདི་དག་འདབ་གཤོག་གཉིས་ལྡན་གྱི་བོད་མི་ཚད་ལྡན་ཞིག་ཏུ་གསོ་སྐྱོང་བྱེད་ཐུབ་པ་དགོས་པའི་བཀའ་སློབ་གནང་བ་དང་། དེ་རྗེས་མཛད་རིམ་གཞིར་བཟུང་༧སྐྱབས་རྗེ་མཁན་རིན་པོ་ཆེས་འཛིན་གྲྭ་སོ་སོས་བཟོ་བཀོད་བྱས་པའི་འགྲེམས་སྟོན་ཁག་ལ་གཟིགས་ཞིབ་དང་། སློབ་ཕྲུག་ཚོ་དང་ཕན་ཚུན་བཀའ་མོལ། དྲི་བ་དྲིས་ལན་ཡང་གནང་།
༧/ ༡ ཉིན་གྲྭ་ཚང་རིན་པོ་ཆེ་དང་ཉེ་བའི་དོན་གཉེར་ཅན་འགའ་ཞིག་གིས་གསོལ་འདེབས་ཞུ་དོན་བཞིན། ཁེ་ན་ཌ་ཀེལ་གེ་རིའི་མི་དམངས་ཚོར་སྔོན་འགྲོའི་གསུང་ཆོས་ཡོན་ཏན་གཞི་གྱུར་མ་དང་། དངོས་གཞིར་ཡི་དམ་ཐུགས་རྗེ་ཅན་གྱི་དཀའ་དབང་། མཇུག་ཏུ་བླང་དོར་གྱི་བཀའ་སློབ་བཅས་གནང་།
༧/ ༤ ཉིན་ཨ་རིའི་ལོ་སེ་ཨེན་ཇེ་ལེ་སེར་ཕེབས།
༧/ ༦ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་སྐབས། ཨ་རིའི་ལོ་སི་ཨེན་ཇེ་ལེ་སིར། ༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སླད་དུ་མཉམ་ཞུགས་གནང་མཁན་གཞན་དང་ལྷན་དུ་མཆོད་མེ་སྟོང་མཆོད་ཕུལ་བ་དང་། སེར་བྱེས་དགེ་རྩ་ཚོགས་པས་གསོལ་འདེབས་ཞུ་དོན་བཞིན། དད་ལྡན་རྣམས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་།
༧/༨ ཉིན་ཀེལ་ཕཱོར་ནི་ཡའི་ནུབ་ཕྱོགས་སློབ་ཆེན་དུ་ལམ་རིམ་བསྡུས་དོན་གྱི་བཤད་ཁྲིད་གནང་།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་མཁས་དབང་སྐུ་ཞབས་བསྟན་འཛིན་རྡོ་རྗེ་དང་མཇལ་འཕྲད་དང་། སྐུ་ཞབས་གང་ཉིད་ཀྱིས་ཨ་རིས་གཙོས་པའི་ཕྱིའི་རྒྱལ་ཁབ་མང་པོའི་ནང་དུ་བོད་བསྟན་སྲིད་ཀྱི་ཞབས་འདེགས་རྒྱ་ཆེ་ཞུས་གནང་མཛད་པར་རྗེས་སུ་ཡི་རང་དང་བསྔགས་བརྗོད་གནང་བ་དང། ལྷག་པར་མཛད་འཆར་ཤིན་ཏུ་ཆེ་ཡང་ཐུགས་འཕྲད་དུ་ཆེད་ཕེབས་དང་། གསུང་བསྒྱུར་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་བ་དང་། བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཡང་ཞུ་གནང་མཛད།
༧/༩ ཉིན་སེར་བྱེས་དགེ་རྩ་ཚོགས་པས་གསོལ་འདེབས་ཞུ་དོན་བཞིན་ཀེལ་ཕཱོར་ནི་ཡར་ཡི་དམ་རྟ་མགྲིན་ཡང་གསང་གི་བཀའ་དབང་གནང་།
༧/ ༡༢ ཉིན་ཨ་རིའི་ཀེལ་ཕཱོར་ནི་ཡ་ཡི་ནང་རོལ་སེཀ་ར་མེན་ཏོ་ཞེས་པའི་གྲོང་ཁྱེར་ནང་དུ་ཡོད་པའི་སེང་གེའི་ང་རོ་ཞེས་པའི་ཆོས་ཚོགས་སུ་སེར་བྱེས་དགེ་རྩ་ཚོགས་པས་གསོལ་འདེབས་ཞུ་དོན་བཞིན་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྗེས་གནང་གནང་།
༧ / ༡༥ ཉིན་ཨ་རིའི་བྱང་ཀེལ་ཕཱོར་ནི་ཡར་སེར་བྱེས་དགེ་རྩ་ཚོགས་པས་གསོལ་འདེབས་ཞུ་དོན་བཞིན། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང། སྒྲོལ་མ་ཉེར་གཅིག་གི་བསྟོད་པ་དང་། སྒྲོལ་མའི་མཚན་སྔགས་ཀྱི་ལྗགས་ལུང། བླང་དོར་བཀའ་སློབ་བཅས་གནང་།
༧ / ༡༥ ཉིན་སེར་བྱེས་དགེ་རྩ་ཚོགས་པས་གསོལ་འདེབས་ཞུ་དོན་བཞིན་ཨ་རིའི་བྱང་ཀེལ་ཕཱོར་ནི་ཡར་གྲྭ་ཚང་རིན་པོ་ཆེའི་ཡན་ལག་སེར་བྱེས་དགེ་རྩ་ཚོགས་པའི་གཙུག་ལག་ཁང་གསར་པའི་དབུ་འབྱེད་གནང་བ་དང་། རྟེན་འབྲེལ་གྱི་ཆེད་རྩ་བ་ལྔའི་མཆོད་བརྗོད་ཀྱི་ལྗགས་ལུང་བཤད་པ་དང་བཅས་གནང་།
༧/ ༡༦ ཉིན་ཨ་རིའི་བྱང་ཀེལ་ཕཱོར་ཡར་སེར་བྱེས་དགེ་རྩ་ཚོགས་པ་དང་ཀུན་དགའ་བོ་ཆོས་ཚོགས་གཉིས་ཀྱིས་ཐུན་མོང་དུ་གསོལ་འདེབས་ཞུ་དོན་བཞིན་ཡི་དམ་རྟ་མགྲིན་ཡང་གསང་གི་རྗེས་གནང་གནང་།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༧།༠༧།༢༠ ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།
དེ་ལས་མང་བ།...
༧ དགའ་ལྡན་ཁྲི་རིན་པོ་ཆེ་དགོངས་པ་གཞན་དུ་གཤེགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།༧ འཇམ་མགོན་རྒྱལ་བའི་གདུང་འཚོབ་༧དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དགོངས་པ་གཞན་དུ་གཤེགས་པར་རིས་མེད་གདན་ས་ཁག་གཙོ་བྱས་པའི་ཆོས་སྡེ་སོགས་སུ་མཆོད་འབུལ་དང་ཐུགས་སྨོན་རྒྱ་ཆེར་གནང་སོང་།
༧ འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་༧དགའ་ལྡན་ཁྲི་རིན་པོ་ཆེ་ཁྲི་ཐོག་བརྒྱ་དང་གསུམ་པ་༧རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྨན་ཁང་མཱར་སི་རུ་ཕྱི་ལོ་༢༠༡༧ལོའི་ཟླ་༤ཚེས་༢༡ཉིན་གྱི་མཚན་མོའི་ཆུ་ཚོད་༡༡:༤༥ཐོག་དགོངས་པ་གཞན་དུ་འཕོས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པ་དང་རིས་མེད་གདན་ས་ཁག་སོགས་སུ་གཞུང་ཆེན་མོའི་རྩ་བ་སོགས་གསུངས་ཏེ་ཞི་བར་གཤེགས་པའི་དམ་པ་གང་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པ་དང་། བསྟན་འགྲོའི་མགོན་དང་དཔུང་གཉེན་དུ་ཡང་སྲིད་ཉི་མ་གཞོན་ནུའི་འཛུམ་ཞལ་མྱུར་དུ་མངོན་པ་སོགས་ཀྱི་ཐུགས་སྨོན་རྒྱ་ཆེར་གནང་བ་ལྟར། འདི་ག་སེ་ར་ཆོས་སྒར་དུའང་བླ་སྤྱི་དང་གྲྭ་ཚང་གཉིས་སོགས་སུ་༧བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དབུས་བཞུགས་ཀྱི་མཁན་ལས་ཟུར་བླ་སྤྲུལ་འདུས་མང་ཡོངས་ནས་མངོན་རྟོགས་རྒྱན་སོགས་གསུངས་ཏེ་ཐུགས་སྨོན་དང་མཆོད་འབུལ་རྒྱ་ཆེར་གནང་བ་དང་། བླ་སྤྱི་དང་གྲྭ་ཚང་གཉིས་ཀྱི་ཚོང་ཁང་སོགས་ཚོགས་སྡེ་ཁག་སྒོ་བརྒྱབ་སྟེ་མྱ་ངན་ཞུས་སོང་།
དེ་ཡང་ཁྲི་རིན་པོ་མཆོག་ནི་ཕྱི་ལོ་༡༩༣༧ལོར་བོད་དུ་ཡ་ར་ཞེས་པར་སྐུ་འཁྲུངས་ཤིང་། དགུང་གྲངས་དགུའི་སྐབས་ཡ་ར་ཚེམ་དགོན་པར་རབ་ཏུ་བྱུང་བ་དང་། ཕྱི་ལོ་༡༩༥༣ལོར་དབུས་སུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་བྱས་ཏེ་དགེ་བའི་བཤེས་གཉེན་ལམ་རིམ་པ་ངག་དབང་ཕུན་ཚོགས་དང་། གྲྭ་ཚང་གི་མཁན་པོ་རྒན་པདྨ་རྒྱལ་མཚན་སོགས་བསྟེན་ཏེ་གཞུང་ཆེན་ལ་ཐུགས་གཉེར་གནང་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་སོགས་ལས་ཀྱང་ཆོས་བཀའ་གང་མང་གསན་ཡོད་གནང་མཛད། ༡༩༥༩ལོར་བཙན་བྱོལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་དུ་མུ་མཐུད་ནས་སློབ་གཉེར་གྱི་འཕྲོ་བསྐྱངས་པ་དང་། ཕྱི་ལོ་༡༩༦༤ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་། ཕྱི་ལོ་༡༩༦༩ལོར་༧གོང་ས་མཆོག་གི་བཀའ་དགོངས་བཞིན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་གནས་ཆགས་རྗེས་གྲྭ་ཚང་གི་ཕྱག་མཛོད་དང་། སྐབས་དེར་གྲྭ་ཚང་དུ་ཞིང་ལས་སོགས་བྱེད་དགོས་པས་ཞིང་ལས་སྐབས་བརྒྱ་དཔོན་དང་བཅུ་དཔོན། དགེ་བསྐོས་སོགས་གནང་ཡོད་ལ། གྲྭ་ཚང་དུ་དཔེ་ཁྲིད་ཀྱང་མཚམས་མ་ཆད་པར་གནང་ཡོད་འདུག །ཕྱི་ལོ་༡༩༧༧ལོ་ནས་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་ཏེ་རྒྱུགས་སྤྲོད་ཀྱི་སྐབས་རྣམས་སུ་ཨང་དང་པོ་རྩེ་ཕུད་ཤ་སྟག་བླངས་ཤིང་། ཕྱི་ལོ་༡༩༨༢ལོར་གདན་གསུམ་སྨོན་ལམ་གྱི་སྐབས་སུ་གྲྭ་སྐོར་དུ་ཕེབས་ཏེ་དགེ་བཤེས་ལྷ་རམས་པའི་དམ་འཇོག་གནང་བ་དང་། ༡༩༨༣ལོར་རྒྱུད་སྟོད་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་ཆོས་ཐོག་འགྲིམས། ཆོས་ཐོག་འཁོར་བ་དང་ཕྱིར་གྲྭ་ཚང་དུ་ཕེབས་ཏེ་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་མུ་མཐུད་ནས་གནང་། ཕྱི་ལོ་༡༩༩༠ལོར་རྒྱུད་སྟོད་པའི་བླ་མ་དབུ་མཛད་དང་། ༡༩༩༣ལོར་རྒྱུད་སྟོད་མཁན་པོ་གནང་། ཕྱི་ལོ་༢༠༡༣ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྡོ་རྗེ་གདན་དུ་ཤར་པ་ཆོས་རྗེའི་མཚན་གནས་སྩལ་བ་དང་། ལོ་དེའི་ཕྱི་ཟླ་༢ཚེས་༡༡ཉིན་ཤར་པ་ཆོས་རྗེའི་འགན་དངོས་སུ་བཞེས། དགུང་གྲངས་བརྒྱད་ཅུ་པ་ཕྱི་ལོ་༢༠༡༦ལོའི་ཟླ་༡༠ཚེས་༡༩ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཁྲི་ཐོག་བརྒྱ་དང་གསུམ་པར་བསྐོ་བཞག་གི་བཀའ་ཡིག་ཕྱག་རྟགས་སྩལ་ཡོད་ཅིང་། ལོ་དེའི་ཕྱི་ཟླ་༡༡ཚེས་༥ཉིན་དགའ་ལྡན་ཁྲི་ཐོག་ཁང་དུ་དགའ་ལྡན་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་འཚོགས་ཡོད་འདུག །དམ་པ་ཁོང་གིས་རྒྱུན་དུ་གྲྭ་སར་སློབ་གཉེར་བ་རྣམས་ལ་གཞུང་ཆེན་དཔེ་ཁྲིད་དང་། ཕྱི་ནང་གི་དོན་གཉེར་ཅན་གང་མང་ལ་ལུང་ཆོས་མན་ངག་གིས་མཚོན་ཟབ་ཆོས་གང་མང་གནང་ཡོད་འདུག་ལ། སྐུའི་སྙུང་བཞེས་ཀྱི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་དང་། དཔལ་རྒྱལ་བ་ཀརྨ་པ་གཉིས་ཀྱང་སྨན་ཁང་དུ་འཚམས་འདྲི་གནང་བར་ཕེབས་ཡོད་འདུག
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༧།༠༤།༢༤ ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།
སློབ་གཉེར་བའི་རྩོད་རྒྱུགས་བླངས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་གྲྭ་ཚང་གི་སློབ་གཉེར་བའི་ལོ་འཁོར་རྒྱུགས་སྤྲོད་རྣམས་ཀྱི་ཡ་གྱལ་རྩོད་རྒྱུགས་བླངས་སོང་།
ཕྱི་ལོ་༢༠༡༦ལོའི་ཟླ་༡༡ཚེས་༤ནས་དབུ་བཙུགས་ཏེ་དེ་རིང་སྟེ་ཕྱི་ཚེས་༠༩བར་དུ་ཉིན་རེར་ཚོགས་ཐུན་སྔ་དགོང་གཉིས་དང་ཚོགས་ཐུན་རེར་ཆུ་ཚོད་གསུམ་རེ་བྱས་ཏེ་སེར་བྱེས་སློབ་གཉེར་ཁང་ངམ་རྒྱུགས་ཞིབ་ལྷན་ཚོགས་ཀྱི་བཀོད་སྒྲིག་དང་སྟངས་འཛིན་གྱི་འོག་ཏུ་སེར་བྱེས་མཁས་སྙན་གྲྭ་ཚང་གི་སློབ་གཉེར་བའི་ལོ་འཁོར་རྒྱུགས་སྤྲོད་རྣམས་ཀྱི་ཡ་གྱལ་རྩོད་རྒྱུགས་བླངས་སོང་། དེ་ཡང་རྒྱུགས་སྤྲོད་དུ་ཕེབས་མི་དགོས་པའི་དམིགས་བསལ་ཅན་གྲྭ་ཚང་གི་ལས་བྱེད་ཀྱི་གྲས་སུ་ཡོད་པ་རྣམས་ཕུད་སློབ་གཉེར་བ་གྲངས་ཆིག་སྟོང་བརྒྱད་བརྒྱ་དྲུག་ཅུ་ཡོད་པ་རྣམས་སྡེ་ཚན་དགུ་རུ་བགོས་ཏེ་སྡེ་ཚན་སོ་སོར་རྒྱུགས་ཞིབ་པ་དགེ་བཤེས་ལྔ་རེ་ཆ་བགོས་ཀྱིས་རྒྱུགས་ཞིབ་དང་། རྩོད་གཞུང་དང་སློབ་གཉེར་བའི་གྲངས་སོགས་འོག་གི་རེའུ་མིག་ཏུ་གསལ་ལ། རྩོད་རྒྱུགས་སྐོར་གྱི་ངོ་སྤྲོད་གཤམ་གྱི་སྦྲེལ་སྣེ་བརྒྱུད་གཟིགས་པར་ཞུ།
༢༠༡༦ ལོའི་རྩོད་རྒྱུགས་ཀྱི་བཞུགས་གནས་སོགས་ཀྱི་རེའུ་མིག
ཨང་རིམ། | འཛིན་གྲྭ | རྩོད་གཞུང་། | བཞུགས་གནས། | སློབ་གཉེར་བའི་གྲངས། |
---|---|---|---|---|
༡ | བཀའ་རམས་གོང་འོག་གཉིས། | མཛོད་གནས་ལྔ་པ་ནས་བརྒྱད་པའི་བར། | གཙུག་ལག་ཁང་གི་དབུས། | ༢༧༢ |
མཛོད། | མཛོད་གནས་དང་པོ་ནས་བཞི་པའི་བར། | |||
༢ |
འདུལ་རྙིང་། | ཞུ་བ་སྤྱིར་བསྟན་ནས་གཞི་སྨད་རྫོགས་མཚམས་བར། | གཙུག་ལག་ཁང་གི་གཡས། | ༢༡༦ |
དབུ་གསར་གོང་མ། | དབུ་མའི་སྤྱི་དོན་ཐལ་ཟློག་ནས་རྫོགས་མཚམས་བར། | |||
༣ | འདུལ་གསར་གོང་མ། | འདུལ་བ་མཚོ་ཊཱིཀ་སྤང་ལྟུང་ནས་གཞི་སྟོད་རྫོགས་མཚམས་བར། | གཙུག་ལག་ཁང་གི་གཡོན། |
༢༢༢ |
འདུལ་གསར་འོག་མ། | འདུལ་བ་མཚོ་ཊཱིཀ་དབུ་ནས་ལྷག་མ་རྫོགས་མཚམས་བར། | |||
དབུ་རྙིང་གོང་མ། | དགོངས་པ་རབ་གསལ་ཚད་འགོག་ནས་རྫོགས་མཚམས་བར། | |||
༤ | དབུ་རྙིང་འོག་མ། | དགོངས་པ་རབ་གསལ་དབུ་ནས་ཚད་འགོག་བར། | ཆོས་རའི་གཡས། | ༡༩༡ |
ཕར་ཕྱིན་གོང་མ། | ཕར་ཕྱིན་སྐབས་ལྔ་པ་ནས་བརྒྱད་པའི་བར། | |||
༥ |
དབུ་གསར་འོག་མ། | དབུ་མའི་སྤྱི་དོན་དབུ་ནས་དགག་བྱ་རྫོགས་མཚམས་བར། | ཆོས་རའི་དབུས། | ༡༩༢ |
ཟུར་གསར། | དྲང་ངེས་དབུ་ནས་སེམས་ཙམ་རྫོགས་མཚམས་བར་དང་། ས་ལམ་ཆེན་མོ། | |||
༦ |
ཟུར་རྙིང་གོང་མ། | ཀུན་གཞི། ཕར་ཕྱིན་སྐབས་གཉིས་པ། ཕར་ཕྱིན་སྐབས་གསུམ་པ། | ཆོས་རའི་གཡོན་དང་པོ། |
༡༧༤ |
ཟུར་རྙིང་འོག་མ། | བསམ་གཟུགས། རྟེན་འབྲེལ། དགེ་འདུན་ཉི་ཤུ། | |||
གཞུང་རྙིང་། | ཕར་ཕྱིན་སེམས་བསྐྱེད་ནས་རིགས་བར། | |||
༧ | ཕར་ཕྱིན་འོག་མ། | ཕར་ཕྱིན་སྐབས་བཞི་པ་ཆ་ཚང་། | ཆོས་རའི་གཡོན་གཉིས་པ། | ༡༨༣ |
གཞུང་གསར། | ཕར་ཕྱིན་སྐབས་དང་པོ་དབུ་ནས་ཟློས་སྤོང་བར། | |||
༨ |
བསྡུས་ཆེན། | གྲུབ་དོན་ས་གསུམ་དང་ཤིང་རྟའི་སྲོལ་འབྱེད། | སྒྲོལ་མ་ལྷ་ཁང་། |
༢༡༠ |
བསྡུས་ཆུང་། | ཡོངས་འཛིན་བསྡུས་གྲྭ་ཆ་ཚང་། | |||
འཛིན་གྲྭ་བརྒྱད་པ། | ཡོངས་འཛིན་བསྡུས་གྲྭ་ལས་རིགས་ལམ་ཆེ་བ། | |||
འཛིན་གྲྭ་དྲུག་པ། | ཡོངས་འཛིན་བསྡུས་གྲྭ་ལས་རིགས་ལམ་ཆུང་བ། | |||
༩ |
བསྡུས་འབྲིང་། | བློ་རིག་དང་རྟགས་རིགས། | ལྷ་རམས་ཚོགས་ཁང་། |
༢༠༠ |
འཛིན་གྲྭ་བཅུ་པ། | རྟགས་རིགས། | |||
འཛིན་གྲྭ་དགུ་པ། | བློ་རིག | |||
འཛིན་གྲྭ་བདུན་པ། | ཡོངས་འཛིན་བསྡུས་གྲྭ་ལས་རིགས་ལམ་འབྲིང་། |
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༦།༡༡།༠༩ ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།