-
མདུན་ངོས།
-
འཕྲིན་གསར།
- གནས་འཕྲིན་གཞན།

གནས་འཕྲིན་གཞན། (30)
འཇང་དགུན་ཆོས་འཚོགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེ་ར་ཐེག་པ་ཆེན་པོའི་གླིང་དུ་དགེ་ལྡན་པའི་འཇང་དགུན་ཆོས་ཐེངས་ཉེར་དགུ་པ་དབུ་འཛུགས་གནང་སོང་།
དེ་རིང་སྟེ་བོད་རྒྱལ་ལོ་༢༡༤༥ལོའི་བོད་ཟླ་༡༠པའི་ཚེས་༡༦དང་ཕྱི་ལོ་༢༠༡༨ལོའི་ཟླ་༡༡པའི་ཚེས་༢༤རེས་གཟའ་སྤེན་པའི་ཉིན་སྔ་དྲོའི་ཆུ་ཚོད་བརྒྱད་པར། ཕྱོགས་མཐའ་ཁག་ནས་འཇང་དགུན་ཆོས་ཀྱི་ཆེད་སེ་ར་ཆོས་སྒར་དུ་ཕེབས་པའི་སློབ་གཉེར་བ་རྣམས་སེ་ར་ཐེག་པ་ཆེན་པོའི་གླིང་གི་གཙུག་ལག་ཁང་དུ་འཛོམས་ཏེ། གྲྭ་ཚང་གཉིས་ཀྱི་༧སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པ་གཉིས་སོགས་ཀྱིས་ལམ་སྟོན་བཀའ་སློབ་སོགས་གནང་སྟེ་འཇང་དགུན་ཆོས་ཀྱི་དབུ་འཛུགས་མཛད་སྒོ་འཚོགས་ཤིང་། དེ་རྗེས་སྔ་དྲོའི་ཆོས་ར་ཚོགས་སོང་། ཐེངས་འདིའི་འཇང་དགུན་ཆོས་ལ་གདན་ས་གསུམ་གྱི་གྲྭ་ཚང་དྲུག་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། རྒྱུད་གྲྭ་སྟོད་སྨད། བཀྲ་ཤིས་ལྷུན་པོ། ར་སྟོད་བདེ་བ་ཅན་གྲྭ་ཚང་། རྫོང་ཆོས་དགའ་ལྡན་འཕེལ་རྒྱས་གླིང་། བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་སོགས་དགོན་སྡེ་ཁག་བཅུ་དྲུག་ནས་སློབ་གཉེར་བ་ཞལ་གྲངས་ ༢༩༥༥ ཙམ་ལྷན་དུ་འཛོམས་ཡོད་པ་དང་། ཉིན་གྲངས་ ༢༢ རིང་ལ་འཚོག་རྒྱུ་ཡིན་འདུག །
༈ བོད་རྒྱལ་ལོ་ ༢༡༤༥ དང་ཕྱི་ལོ་ ༢༠༡༨ ལོར་འཇང་དགུན་ཆོས་ལ་ཕེབས་པའི་གྲྭ་ཚང་སོ་སོའི་སློབ་གཉེར་བའི་གྲངས་འབོར་གྱི་རེའུ་མིག | |||||||||||||||
---|---|---|---|---|---|---|---|---|---|---|---|---|---|---|---|
ཨང་། | གྲྭ་ཚང་། | གྲངས་འབོར། | ཨང་། | གྲྭ་ཚང་། | གྲངས་འབོར། | ཨང་། | གྲྭ་ཚང་། | གྲངས་འབོར། | ཨང་། | གྲྭ་ཚང་། | གྲངས་འབོར། | ||||
༡ | སེར་སྨད། | ༣༢༠ | ༥ | བྱང་རྩེ། | ༣༣༩ | ༩ | སྲད་རྒྱུད། | ༢༡ | ༡༣ | རྣམ་རྒྱལ་གྲྭ་ཚང་། | ༢༤ | ||||
༢ | སེར་བྱེས། | ༦༥༠ | ༦ | ཤར་རྩེ། | ༢༤༨ | ༡༠ | བཀྲས་ལྷུན། | ༡༢༥ | ༡༤ | ཀོ་པན། | ༢༡ | ||||
༣ | བློ་གླིང་། | ༦༠༤ | ༧ | རྒྱུད་སྨད། | ༡༥ | ༡༡ | རྭ་སྟོད། | ༢༦ | ༡༥ | དྭགས་པོ་གྲྭ་ཚང་། | ༡༨ | ||||
༤ | སྒོ་མང་། | ༤༥༦ | ༨ | རྒྱུད་སྟོད། | ༢༨ | ༡༢ | རྫོང་ཆོས། | ༤༤ | ༡༦ | དཀྱིལ་དགོན། | ༡༦ | ||||
ཁྱོན་བསྡོམས། | ༢༩༥༥ |
འཇང་དགུན་ཆོས་ཀྱི་སྔོན་འགྲོ་ལྟ་བུར་གྲྭ་ཚང་སོ་སོ་ནས་འཇང་དགུན་ཆོས་མ་ཚོགས་སྔོན་དུ་ཚད་མའི་ཆོས་ཐོག་དུས་ཡུན་ངེས་ཅན་རེ་ལ་ཚོགས་སྲོལ་ཡོད་པ་དང་། འཇང་དགུན་ཆོས་རིང་གི་རྩོད་གཞུང་གཙོ་བོ་ནི་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ཡིན་ཞིང་། དེའི་ཟུར་རྒྱན་དུ་རྣམ་ངེས་དང་ཚད་མ་ཀུན་བཏུས་སོགས་རྒྱ་གཞུང་ཁག་དང་བོད་འགྲེལ་གྱི་ཚད་མའི་ཡིག་ཆ་ཁག་བཟུང་སྟེ་འཛིན་གྲྭ་སོ་སོར་རྩོད་མཚམས་ཆ་བགོས་བྱས་ཡོད་པ་ལྟར། སློབ་གཉེར་བ་རྣམས་ཀྱིས་སོ་སོའི་རྩོད་གཞུང་གཙོ་བྱས་པའི་འབྲེལ་ཡོད་གཞུང་ཆེན་ཁག་ལ་དཔེ་གཟིགས་དང་རྩ་འགྲེལ་བློ་འཛིན། དཔེ་ཁྲིད་དང་བསྐྱར་སྦྱོང་སོགས་བྱེད་དགོས་པ་དང་། སྔ་དྲོའི་ཆོས་རར་རྩོད་ཟླ་དང་འཛིན་གྲྭའི་དམ་བཅའི་སྐབས་དོགས་གནད་ལ་རྩོད་པའི་སྒོ་ནས་དཔྱད་པ་གཏོང་དགོས། དགུང་དུས་ཆུ་ཚོད་དྲུག་པའི་ཐོར་ཆོས་[འདིའི་ཡིག་ཐོབ་གསལ་པོ་མ་ངེས།]དམ་བཅར་རྒྱན་ཐོབ་པའི་གྲྭ་ཚང་གཉིས་ཀྱི་གཅིག་གི་སློབ་གཉེར་བ་གཉིས་དམ་བཅའ་དང་གྲྭ་ཚང་གཞན་དེའི་དམ་བཅའི་རྩོད་གཞུང་གཅིག་པའི་སློབ་གཉེར་བ་རྣམས་ཀྱིས་རྟགས་གསལ་གཏོང་དགོས། དམ་བཅའ་གྲོལ་རྗེས་རྩོད་ཟླ་ཅུང་གནང་དགོས་པ་དང་། དེ་ནས་སྐར་མ་བཅུ་བཅོ་ལྔ་ཙམ་ལ་ངལ་གསོས་རྗེས་ཆུ་ཚོད་དགུ་པ་ནས་ཆོས་ར་འཚོགས་དགོས། ཆོས་རའི་སྐབས་ཐོག་མར་རྩོད་ཟླ་དང་དེ་ནས་དམ་བཅའ་ཚོགས་ཏེ་ཆུ་ཚོད་བཅུ་གཅིག་བཅུ་གཉིས་བར་དུ་དཀའ་གནད་ཁག་ལ་བརྒལ་བརྟག་གནང་སྲོལ་ཡོད་པ་དང་། ཆུ་ཚོད་དང་པོ་གཉིས་པའི་བར་དུ་རྩོད་པ་གནང་སྟེ་བཞུགས་པའང་ཡོད། འཇང་དགུན་ཆོས་ཀྱི་ཆོས་ཐོག་གི་དཀྱིལ་དང་མཇུག་ཏུ་མཚན་ཕུད་དམ་བཅའ་གནང་དགོས་པ་དང་། མཚན་ཕུད་དམ་བཅའི་སྐབས་གྲྭ་ཚང་གསུམ་རེའི་སློབ་གཉེར་བ་རྩེ་གྲས་རེ་སྟེ་སློབ་གཉེར་བ་གསུམ་རེ་དམ་བཅའ་དང་གྲྭ་ཚང་གཞན་གྱིས་རྟགས་གསལ་གཏོང་དགོས། འཇང་དགུན་ཆོས་སྐབས་སུ་ནམ་རྒྱུན་དང་མི་འདྲ་བར་སྒྲིག་ཁྲིམས་ཅུང་དམ་དུ་གཏོང་བཞིན་ཡོད།
༈ བོད་རྒྱལ་ལོ་ ༢༡༤༥ དང་ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༢༤ ནས་ཕྱི་ཟླ་ ༡༢ པའི་ཚེས་ ༡༥ བར་གྱི་འཇང་དགུན་ཆོས་སྐབས་ཉིན་རེའི་ཆོས་ར་ཚོགས་དུས་ཀྱི་རེའུ་མིག | |||||||||
---|---|---|---|---|---|---|---|---|---|
སྔ་དྲོ། | |||||||||
ཆུ་ཚོད། | འགྲེལ་བརྗོད། | ཆུ་ཚོད། | འགྲེལ་བརྗོད། | ||||||
9:00 | སྐུ་རིམ་ཉུང་ཙམ་གསུངས་རྗེས་རྩོད་ཟླ། | 10:00 - 11:00 | འཛིན་གྲྭ་སོ་སོའི་དམ་བཅའ། | ||||||
ཕྱི་དྲོ། | |||||||||
ཆུ་ཚོད། | འགྲེལ་བརྗོད། | ཆུ་ཚོད། | འགྲེལ་བརྗོད། | ཆུ་ཚོད། | འགྲེལ་བརྗོད། | ||||
6:00 | ཐོར་ཆོས་དམ་བཅའ། | 7:30 - 8:30 | རྩོད་ཟླ། | 9:00 - 11:00 | གྲྭ་ཚང་གཉིས་ལོག་ནང་ཁུལ་གྱི་ཆོས་ར། |
༈ བོད་རྒྱལ་ལོ་ ༢༡༤༥ དང་ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༢༤ ནས་ཕྱི་ཟླ་ ༡༢ པའི་ཚེས་ ༡༥ བར་གྱི་འཇང་དགུན་ཆོས་སྐབས་ཀྱི་དམ་བཅའ་སོགས་ཀྱི་རེའུ་མིག | |||||||||
---|---|---|---|---|---|---|---|---|---|
[ སྡེ་ཚན་དང་པོ། ] | |||||||||
ཨང་། | རེས་གཟའ། | ཕྱི་ཚེས། | གྲྭ་ཚང་། | གཞུང་ཚན། | ཤོག་གྲངས། [ཝཱ་ཎའི་པར་རྙིང་།] | ||||
༡ | སྤེན་པ། | 24 | བློ་གླིང་། | དབུ་ནས་ཕྱོགས་སྒྲའི་བར། | ༡ ནས་ ༡༦ བར། | ||||
༢ | ཉི་མ། | 25 | སེར་སྨད། | འབྲས་རང་གི་རྟགས། | ༡༦ ནས་ ༡༩ བར། | ||||
༣ | ཟླ་བ། | 26 | བྱང་རྩེ། | མི་སྣང་བ་མ་དམིགས་པ། | ༡༩ ནས་༢༣ བར། | ||||
༤ | མིག་དམར། | 27 | སེར་བྱེས། | སྣང་རུང་མ་དམིགས་པ། | ༢༣ ནས་ ༢༨ བར། | ||||
༥ | ལྷག་པ། | 28 | ཤར་རྩེ། | རྟགས་གཞན་བཞི་པ། | ༢༨ ནས་ ༣༦ བར། | ||||
༦ | ཕུར་བུ། | 29 | སྒོ་མང་། | འབྲེལ་པ་སྟོད། | ༣༦ ནས་ ༤༣ བར། | ||||
༧ | པ་སངས། | 30 | རྭ་སྟོད། | གཞན་སེལ་སྟོད། | ༧༣ ནས་ ༨༦ བར། | ||||
༨ | སྤེན་པ། | 1 | བཀྲ་ཤིས་ལྷུན་པོ། | གཞན་སེལ་སྟོད། | ༨༦ ནས་ ༩༦ བར། |
[ སྡེ་ཚན་གཉིས་པ། ] | |||||||||
---|---|---|---|---|---|---|---|---|---|
ཨང་། | རེས་གཟའ། | ཕྱི་ཚེས། | གྲྭ་ཚང་། | གཞུང་ཚན། | ཤོག་གྲངས། [ཝཱ་ཎའི་པར་རྙིང་།] | ||||
༡ | ཉི་མ། | 2 | སེར་སྨད། | འབྲེལ་པ་སྨད། | ༤༣ ནས་ ༤༨ བར། | ||||
༢ | ཟླ་བ། | 3 | བློ་གླིང་། | ལུང་འགལ། | ༤༨ ནས་ ༦༧ བར། | ||||
༣ | མིག་དམར། | 4 | གུང་སེང་། | ||||||
༤ | ལྷག་པ། | 5 | སྒོ་མང་། | ཚད་མ་ཕྲུགས་གསུམ། | ༦༧ ནས་ ༧༣ བར། | ||||
༥ | ཕུར་བུ། | 6 | བྱང་རྩེ། | གཞན་སེལ་སྟོད། | ༧༣ ནས་ ༨༦ བར། | ||||
༦ | པ་སངས། | 7 | སེར་བྱེས། | གཞན་སེལ་སྨད། | ༨༦ ནས་ ༩༩ བར། | ||||
༧ | སྤེན་པ། | 8 | ཤར་རྩེ། | ཤིང་འཛིན་རྟོག་པ། | ༩༩ ནས་ ༡༡༣ བར། |
[ སྡེ་ཚན་གསུམ་པ། ] | |||||||||
---|---|---|---|---|---|---|---|---|---|
ཨང་། | རེས་གཟའ། | ཕྱི་ཚེས། | གྲྭ་ཚང་། | གཞུང་ཚན། | ཤོག་གྲངས། [ཝཱ་ཎའི་པར་རྙིང་།] | ||||
༡ | ཉི་མ། | 9 | སེར་བྱེས | སྟོན་པ་ཚད་མ་སོགས། | ༢༢༥ ནས་ ༢༣༩ བར། | ||||
ཕྱི་ཚེས་ ༩ ཉིན་སེར་སྨད་གྲྭ་ཚང་དུ་མཚན་ཕུད་དམ་བཅའ་དང་པོ། | |||||||||
༢ | ཟླ་བ། | 10 | ༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བདེའི་གཟེངས་རྟགས་དུས་དྲན། | ||||||
༣ | མིག་དམར། | 11 | སྒོ་མང་། | དབང་ཕྱུག་རྟག་པ། | ༢༣༩ ནས་ ༢༥༡ བར། | ||||
༤ | ལྷག་པ། | 12 | བློ་གླིང་། | སྐྱེ་བ་སྔ་ཕྱི། | ༢༥༡ ནས་ ༢༨༨ བར། | ||||
༥ | ཕུར་བུ། | 13 | སེར་སྨད། | རྣལ་འབྱོར་མངོན་སུམ། | ༢༨༨ ནས་ ༣༠༢ བར། | ||||
༦ | པ་སངས། | 14 | ཤར་རྩེ། | སྡུག་ཀུན་གཉིས། | ༣༠༢ ནས་ ༣༢༡ བར། | ||||
ཕྱི་ཚེས་ ༡༤ ཉིན་སེར་བྱེས་གྲྭ་ཚང་དུ་མཚན་ཕུད་དམ་བཅའ་གཉིས་པ། | |||||||||
༧ | སྤེན་པ། | 15 | བྱང་རྩེ། | འགོག་ལམ་གཉིས། | ༣༢༡ ནས་ ༣༦༦ བར། |
འཇང་དགུན་ཆོས་དང་དུས་མཉམ་དུ་ལོ་ཤས་གོང་ནས་གདན་ས་ཁག་གི་སློབ་གཉེར་བ་རྒན་གྲས་ཏེ་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་མཁན་རྣམས་ཕར་ཕྱིན་དང་དབུ་མའི་ཆོས་ཐོག་ཅེས་པ་འཚོགས་ཀྱིན་ཡོད་པ་དང་། ད་ལོ་འབྲས་སྤུངས་སུ་འཚོགས་ཡོད་འདུག །[འཇང་དགུན་ཆོས་ཀྱི་སྐོར་ཚོམས་ཀྱི་ངོ་སྤྲོད་དུ་འབྲི་རྩིས་ཀྱིས་འདིར་དེ་ཙམ་གྱིས་འཐུས་པར་བྱས་སོ། །]
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༨།༡༡།༢༤ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
དེ་ལས་མང་བ།...
གྲྭ་ཚང་གི་རྩོད་རྒྱུགས་དབུ་འཛུགས་བྱས་སོང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་གྲྭ་ཚང་གི་སློབ་གཉེར་བའི་ལོ་འཁོར་རྒྱུགས་སྤྲོད་རྣམས་ཀྱི་ཡ་གྱལ་རྩོད་རྒྱུགས་དབུ་འཛུགས་བྱས་སོང་།
ཁ་སང་སྟེ་ཕྱི་ལོ་༢༠༡༨ལོའི་ཟླ་༡༠ཚེས་༡༣ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་དག་ལས་བློ་རྒྱུགས་ཆེན་མོ་དང་རྩོད་གཞུང་བློ་རྒྱུགས། རིག་གནས་རྒྱུགས་སྤྲོད་སོགས་ཕྱི་ཟླ་བརྒྱད་པར་བླངས་ཚར་བ་དང་། སློབ་གཉེར་བའི་རྩོད་རྒྱུགས་དབུ་འཛུགས་གནང་སོང་། དེ་ཡང་སྔ་དྲོ་དང་མཚན་དུས་ཏེ་ཚོགས་ཐུན་གཉིས་བྱས་ཏེེ་རྒྱུགས་སྤྲོད་དུ་ཕེབས་མི་དགོས་པའི་དམིགས་བསལ་ཅན་གྲྭ་ཚང་གི་ལས་བྱེད་ཀྱི་གྲས་སུ་ཡོད་པ་རྣམས་ཕུད་སློབ་གཉེར་བ་ཚང་མ་སྡེ་ཚན་དགུ་རུ་བགོས་ཏེ་སྡེ་ཚན་སོ་སོར་རྒྱུགས་ཞིབ་པ་ལྷ་རམས་པ་ལྔ་རེས་རྒྱུགས་བཞེས་གནང་བཞིན་ཡོད་པ་དང་། གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེས་ཀྱང་གཟིགས་ཞིབ་དང་། ཁྲིམས་བདག་དགེ་བསྐོས་མཆོག་དང་དབུ་མཛད་ཆེན་མོ། སློབ་གཉེར་དོ་དམ་ཁང་གི་ལྷ་རམས་དགེ་བཤེས་ལྔ་བཅས་ཀྱིས་གཟིགས་རྟོག་གི་འོག་ཏུ་རྒྱུགས་བཞེས་གནང་བཞིན་ཡོད། གཞུང་གསར་འཛིན་གྲྭ་ནས་བཟུང་སྟེ་རྩོད་རྒྱུགས་ཀྱི་བརྗོད་གཞི་གསང་བའི་ཤོག་དྲིལ་ལས་བླངས་ཏེ་གང་ཁེལ་བ་དེ་ནས་རྟགས་གསལ་གཏོང་དགོས་ལ། གྲྭ་ཚང་གི་སློབ་གྲྭའི་འཛིན་གྲྭ་དྲུག་པ་ཡན་གྱི་སློབ་ཕྲུག་རྣམས་ཀྱང་བསྡུས་གྲྭ་འཛིན་གྲྭའི་སློབ་གཉེར་བ་མཉམ་དུ་རྩོད་རྒྱུགས་ལེན་གྱིན་ཡོད།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༨།༡༠།༡༤ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།
ཆར་པས་གནོད་ཐེབས་ཡུལ་མིར་རོགས་རམ་གནང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་མཁས་སྙན་གྲྭ་ཚང་གིས་ཆར་ཞོད་ཀྱིས་གནོད་སྐྱོན་ཐེབས་པའི་རྒྱ་གར་ཡུལ་མིར་ཟས་གོས་སོགས་ཀྱིས་རོགས་རམ་གནང་སོང་།
ཟླ་སྔོན་མའི་ནང་དུ་རྒྱ་གར་ལྷོ་ཕྱོགས་སུ་ཆར་ཞོད་ཤུགས་ཆེར་བབས་པའི་རྐྱེན་གྱིས་སྡོད་ཁང་སོགས་ལ་ཆུ་སྐྱོན་བྱུང་སྟེ་ཡུལ་མི་མང་པོ་སྡོད་གུར་དང་སྤྱི་ཁང་། སློབ་གྲྭའི་འཛིན་ཁང་སོགས་ཀྱི་ནང་དུ་གནས་སྤོ་བྱེད་དགོས་བྱུང་སྟེ་དཀའ་ངལ་འཕྲད་ཡོད་པ་ལྟར། ཕྱི་ལོ་༢༠༡༨ ཟླ་༨ ཚེས་༢༠ ཉིན་སེར་བྱེས་གྲྭ་ཚང་གིས་འདི་ནས་རྒྱང་ཐང་སྤྱི་ལེ་༢༠ མཚམས་ཀྱི་ Kodagu རྫོང་གི་མངའ་ཁོངས་སུན་ཊིའི་ཀོ་པ་ Suntikopa ཞེས་པའི་ས་གནས་སུ་ཆར་ཞོད་ཀྱིས་གནོད་འཚེ་ཐེབས་པའི་ཡུལ་མི་ཚོར་འཕྲལ་སེལ་རོགས་སྐྱོར་དུ་ཉལ་ཆས་ ༣༠༠ ལྷག་ཕུལ་ཡོད་པ་དང་།
ཕྱི་ཚེས་ ༢༡ ཉིན་སེར་བྱེས་ཕྱག་མཛོད་ཁང་གི་གོ་སྒྲིག་འོག་སེར་བྱེས་སློབ་གྲྭ་དང་། དང་བླངས་གྲྭ་དམངས་བཅས་ཀྱིས་རྒྱང་ཐག་སྤྱི་ལེ་༧༥ ཙམ་གྱི་སར་ཡོད་པའི་ Kodagu རྫོང་གི་ས་ཁུལ་ཁག་བཅུ་གཅིག་གི་ནང་དུ་ཆར་ཞོད་ཀྱི་རྐྱེན་གྱིས་ཆུ་ལོག་དང་ས་ཉིལ་བྱུང་སྟེ་དཀའ་ངལ་གྱི་ནང་དུ་ལྷུང་བའི་ཡུལ་མི་རྣམས་ལ་ཐུགས་གསོའི་འཚམས་འདྲི་དང་། འཕྲལ་སེལ་རོགས་སྐྱོར་དུ་ཉལ་ཆས་གྲངས་༡༥༠༠ དང་། དྭངས་ལྕགས་སམ་ངར་ལྕགས་ལས་གྲུབ་པའི་སྡེར་མ་དང་ཕོར་པ་གྲངས་༡༠༠༠ ། ཕྲུ་གུའི་བལ་བཟོས་ཞྭ་མོ་དང་སྟོད་ཐུང་དང་། རྒན་པའི་བལ་བཟོས་སྟོད་ཐུང་ཁྱོན་ ༢༥༠༠ བཅས་ཕུལ་ཏེ་གདུང་སེམས་མཉམ་བསྐྱེད་ཞུས་ཡོད་འདུག་ལ།
ཕྱི་ལོ་༢༠༡༨ ཟླ་བ་༨ ཚེས་༣༡ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཕྱག་མཛོད་ཟུར་པས་དབུ་ཁྲིད་པའི་རོགས་སྐྱོར་མི་སྣ་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་(Kerala State) མངའ་སྡེ་ནང་དུ་ཕྱོགས་བསྐྱོད་བྱས་ཏེ་ཆར་ཞོད་ཀྱིས་དཀའ་ངལ་འཕྲད་པའི་ཡུལ་མི་རྣམས་ལ་ཐུགས་གསོའི་འཚམས་འདྲི་དང་ཟས་གོས་སོགས་ཀྱིས་འཕྲད་སེལ་རོགས་རམ་གནང་ཡོད་པ་དང་། དེ་རིང་སྟེ་ཕྱི་ཚེས་༡ ཉིན་སླར་ཡང་ཀེ་ར་ལའི་མངའ་སྡེའི་ས་ཆ་མི་འདྲ་བ་ཁག་གསུམ་ནང་ཐུགས་གསོའི་རོགས་སྐྱོར་གནང་ཡོད་འདུག་ལ་མུ་མཐུད་ནས་དཀའ་ངལ་ཅན་གྱི་ཡུལ་མི་ཚོར་འཕྲལ་སེལ་རོགས་རམ་གནང་རྒྱུ་ཡིན་འདུག
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༨།༠༩།༠༡ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།