-
མདུན་ངོས།
-
འཕྲིན་གསར།
- གནས་འཕྲིན་གཞན།

གནས་འཕྲིན་གཞན། (30)
སེར་བྱེས་རིག་མཛོད་ཆེན་མོ་དངོས་སུ་དབུ་འབྱེད་གནང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེ་རིང་སྔ་དྲོར་སེར་བྱེས་གྲྭ་ཚང་གི་ཆོས་རའི་ནང་དུ་གནད་ཡོད་སྐྱ་སེར་གང་མང་ཞིག་འཛོམས་ཏེ་སེར་བྱེས་རིག་མཛོད་ཆེན་མོའི་དྲ་ཚིགས་དངོས་སུ་དབུ་འབྱེད་གནང་སོང་།
ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༨ པའི་ཚེས་ ༡༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པའི་སྟེང་། སྐུ་མགྲོན་གཙོ་བོ་སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེའི་གཙོས། ཆོས་རིག་བཀའ་ཟུར་མཆོག་དང་། ཆོས་བརྒྱུད་ཁག་གི་མཁན་པོ་དང་སྐུ་ཚབ། ལུགས་བདེ་གཉིས་ཀྱི་གཞིས་འགོ་རྣམ་པ་གཉིས། འཕགས་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་སོགས་འཐུས་མི་ལྔ་བཅུ་ལྷག་སེར་བྱེས་གྲྭ་ཚང་གི་ཆོས་རར་འཛོམས་ཏེ། སྐུ་མགྲོན་གཙོ་བོ་གཉིས་ཀྱིས་སྣང་གསལ་ཞལ་འབྱེད་དང་། སེར་བྱེས་གྲྭ་ཚང་གི་མཁན་རིན་པོ་ཆེས་གསུང་བཤད་བཀའ་སློབ་གྲུབ་རྗེས། སེར་བྱེས་རིག་མཛོད་ཆེན་མོའི་དྲ་ཚིགས་དངོས་སུ་དབུ་འབྱེད་གནང་ཞིང་། དྲ་ཚིགས་བཟོ་སྐྲུན་པ་རྒན་ཀརྨ་ལགས་ཀྱིས་དྲ་ཚིགས་ངོ་སྤྲོད་མདོར་བསྡུས་ཤིག་གནང་སོང་།
སེར་བྱེས་རིག་མཛོད་ཆེན་མོ་ནི། རང་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ། མི་ཉམས་གོང་འཕེལ། སྤྱི་ཚོགས་ཞབས་ཞུ་སོགས་ལ་དམིགས་ཤིང་། བརྡ་འཕྲིན་གྱི་དུས་རབས་འདིར་དུས་དང་བསྟུན་པའི་ཡར་རྒྱས་སོགས་གལ་ཆེ་བར་མཐོང་སྟེ། སེར་བྱེས་གྲྭ་ཚང་གིས་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གསར་འཛུགས་གནང་བ་ལྟར། རྩོམ་སྒྲིག་ཁང་གིས་ཀྱང་ལོ་གཅིག་ལྷག་གི་རིང་ལ་རྒྱུ་ཆ་འཚོལ་སྡུད་ཀྱིས་གསར་བཟོ་བྱས་ཤིང་། གསུང་རབ་དཔེ་ཚོགས་དང་། ཚན་རིག །རིག་གནས། སྣ་མང་དཔྱད་བརྗོད་དང་སྒྱུ་རྩལ་རྩོམ་རིག་གི་བརྩམས་ཆོས་སོགས་གྱི་འཕྲུལ་དེབ། དཔེ་ཁྲིད་སོགས་ཀྱི་སྒྲ་མཛོད། རྒྱལ་བའི་མཛད་རྣམ་སོགས་ཀྱི་གློག་བརྙན་དང་འཕྲིན་གསར་སོགས་ལས་གྲུབ་པའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ཚིགས་ཤིག་ཡིན།
དེ་ལས་མང་བ།...
འཕྲུལ་རིགས་བཀག་སྡོམ་བྱས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སློབ་གཉེར་ལ་གནོད་པར་གཟིགས་ཏེ་འཕྲུལ་རིགས་བེད་སྤྱོད་གཏོང་མི་ཆོག་པའི་སྒྲིག་གཞི་སྔོན་ཡོད་ལྟར། དེ་རིང་ཡང་སེར་བྱེས་གྲྭ་ཚང་གི་ཁང་ཚན་སོ་སོར་དེའི་སྐོར་ལ་བསླབ་བྱ་དང་སྒྲིག་གཞི་བསྐྱར་བསྒྲགས་བྱས་སོང་།
ལོ་ཤས་གོང་ནས་གྲྭ་ས་ཁག་གི་སློབ་གཉེར་ཉམས་ཆག་འགྲོ་བཞིན་ཡོད་པའི་གླེང་སློང་ཞིག་བྱུང་མུར་བརྟེན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཡང་ཡང་གནང་བ་དང་། གྲྭ་ས་ཁག་གི་གནད་ཡོད་དག་གིས་ཀྱང་ཐུགས་ཁུར་ཆེར་བཞེས་ཏེ། ལྷན་འཛོམས་ཀྱིས་བགྲོ་གླེང་དང་གྲོས་བསྡུར་ཡང་ཡང་གནང་བ་ལས། སློབ་གཉེར་བས་ཁ་པར་དང་། རྩིས་འཁོར་སོགས་ཀྱི་འཕྲུལ་རིགས་ཅི་འདོད་བེད་སྤྱོད་བཏང་མི་ཆོག་པས་སྒྲིག་གཞི་གཏན་འབེབས་བྱས་པ་ལྟར། བདུན་ཕྲག་ཁ་ཤས་གོང་ནས་ལག་ལེན་དུ་བསྟར་བཞིན་ཡོད་ན་ཡང་། དེ་རིང་སྟེ་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ ཚེས་ ༡༨ ཉིན་ཡང་སེར་བྱེས་གྲྭ་ཚང་གིས་རང་ཁོངས་ཀྱི་ཁང་ཚན་སོ་སོར་རྟིང་གནོན་གྱི་ཚུལ་དུ། ཁང་ཚན་སོ་སོར་དེའི་སྐོར་ལ་བསླབ་བྱ་དང་སྒྲིག་གཞི་བསྐྱར་བསྒྲགས་བྱེད་བཅུག་སོང་།
སྒྲ་བརྙན་ཕབ་ལེན་དངོས་སུ་དབུ་བཙུགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་གྲྭ་ཚང་གི་སྒྲ་ལེན་ཁང་ལེགས་པར་གྲུབ་སྟེ་སྒྲ་བརྙན་ཕབ་ལེན་དངོས་སུ་འགོ་བཙུགས།
༢༠༡༥་ལོའི་ཕྱི་ཟླ་༦ པའི་ཚེས་༤ ཉིན་སྔ་དྲོའི་ཆུ་ཚོད་བརྒྱད་པའི་སྟེང་། སྒྲ་བརྙན་ཕབ་ལེན་དངོས་སུ་དབུ་བཙུགས་སོང་། སེར་བྱེས་གྲྭ་ཚང་གི་སྒྲ་བརྙན་ཕབ་ལེན་ཁང་ནི། གྲྭ་ཚང་གི་ཆོས་རའི་ཐོག་ཁར་ཡོད་ལ། གྲྭ་ཚང་གི་ཤེས་ཡོན་སྡེ་ཚན་ཁག་གིས་བོད་ཀྱི་རིག་གཞུང་ལ་མོས་པ་དང་ཤེས་འདོད་ཅན་རྣམས་ཀྱིས་ཆ་འཕྲིན་སོགས་བརྒྱུད། མཁས་དབང་དང་དམ་པ་རྣམས་ཀྱི་བཀའ་སློབ་དང་གསུང་བཤད། འཆད་ཁྲིད་སོགས་ལས་སླ་བོར་གསན་གཟིགས་ཡོང་ཆེད་དུ་ཐད་གཏོང་དང་ཕབ་ལེན་བྱེད་ས་ཞིག་ཡིན། ད་ལྟ་ཕབ་ལེན་ཁང་གི་བཟོ་བཀོད་ལེགས་པར་ཡོངས་སུ་གྲུབ་སྟེ་སྒྲ་བརྙན་ཕབ་ལེན་བྱེད་འགོ་དངོས་སུ་བརྩམས།