- མདུན་ངོས།
- འཕྲིན་གསར།
- གནས་འཕྲིན་གཞན།
གནས་འཕྲིན་གཞན། (29)
སློབ་གཉེར་བའི་རྩོད་རྒྱུགས་དབུ་བཙུགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་མཁས་སྙན་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་བཞི་ལས་རྩོད་རྒྱུགས་ལེན་འགོ་ཚུགས།
དེ་རིང་ཕྱི་ལོ་ ༢༠༡༥ལོའི་ཟླ་ ༡༠ ཚེས་ ༡༩ ཉིན་ནས་སེར་བྱེས་སློབ་གཉེར་ཁང་ངམ་རྒྱུགས་ཞིབ་ལྷན་ཚོགས་ཀྱི་བཀོད་སྒྲིག་དང་སྟངས་འཛིན་གྱི་འོག་ཏུ། སེར་བྱེས་མཁས་སྙན་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་བཞིའི་ནང་ཚན་རྩོད་རྒྱུགས་ལེན་འགོ་ཚུགས། དེ་ཡང་སེར་བྱེས་གྲྭ་ཚང་གི་སློབ་གཉེར་བ་རྣམས་ལ་ལོ་གཅིག་ལ་རྒྱུགས་སྤྲོད་ཆེན་མོ་བཞི་དང་། དམིགས་བསལ་བློ་རྒྱུགས། བློ་རྒྱུགས་ཆེན་མོ་སོགས་ཡོད་ཅིང་། དེ་དག་སེར་བྱེས་སློབ་གཉེར་ཁང་ངམ་རྒྱུགས་ཞིབ་ལྷན་ཚོགས་ཀྱི་སྟངས་འཛིན་འོག་ཏུ། རྒྱུགས་སྤྲོད་སོ་སོར་ལོ་རེར་དུས་ཚེས་གཅིག་དུ་གཏན་འབེབས་བྱས་ཡོད་པ་ལྟར་འགྲོ་བཞིན་ཡོད། རྒྱུགས་སྤྲོད་ཀྱི་དུས་ཚེས་དང་སློབ་ཚན་སོགས་འཕྲིན་གསར་སྔོན་མའི་ནང་དུ་བཀོད་པ་ལྟར་ཡིན་ཞིང་། རྩོད་རྒྱུགས་ཆེན་མོའི་སྐབས་སུ་ཕྱོགས་སོ་སོ་ནས་སྡེ་ཚན་དགུ་དང་། འཛིན་གྲྭ་གཉིས་གསུམ་རེ་མཉམ་དུ་བསྡོམས་ཏེ་སྡེ་ཚན་རེ་རེར་སློབ་གཉེར་བ་བརྒྱ་ཕྲག་ཁ་ཤས་ལ་རྒྱུགས་ཞིབ་པ་དགེ་བཤེས་དང་། ལྷ་རམས་པ་ལྔ་རེའི་ལྟ་རྟོགས་དང་སྟངས་འཛིན་གྱི་འོག་ཏུ་རྩོད་རྒྱུགས་ལེན་བཞིན་ཡོད། མཁན་རིན་པོ་ཆེ་དང་དབུ་ཆོས་རྣམ་གཉིས། སློབ་གཉེར་རྒན་རྣམ་པ་བཅས་ཀྱིས་སྤྱི་ཡོངས་ལ་ལྟ་རྟོགས་དང་སྟངས་འཛིན་བྱེད་ཀྱིན་ཡོད་ལ། སློབ་གཉེར་བ་རེ་རེས་རྟགས་གསལ་དང་། ལན་འདེབས་གཉིས་ཀའི་སྟེང་ནས་རྒྱུགས་འབུལ་ཞུ་དགོས་པ་ཡིན། དྲི་བ་རེ་རེ་ཡིག་སྐོགས་རེ་ནང་དུ་བཅུག་ཡོད་པས་གསང་བ་ཡིན་ཞིང་། སོ་སོས་གང་བླངས་པའི་ཡིག་ཤུབས་ཀྱི་ནང་དུ་ཡོད་པའི་དྲི་བའི་སྟེང་ནས་རྟགས་གསལ་གཏོང་དགོས་པ་ལས་འབྲེལ་མེད་ཀྱི་གཞུང་གཞན་བཏང་མི་ཆོག་པ་ཡིན། རྩོད་རྒྱུགས་དང་ལན་འདེབས་རེ་རེར་རྩ་བའི་བརྒྱ་ཆ་ལྔ་བཅུ་རེ་ཡོད། རྩོད་རྒྱུགས་ནི་སློབ་གཉེར་བ་རྣམས་ལ་མཚོན་ན་རྒྱུགས་སྤྲོད་ཀྱི་ཁོངས་ནས་གཟབ་དགོས་ས་དང་ཞེད་ས་དེ་ཡིན། རྒྱུ་མཚན་ནི་རྒྱུགས་ཞིབ་པའི་ཁོངས་སུ་སོ་སོའི་དཔེ་ཁྲིད་ཀྱི་དགེ་རྒན་ཡོད་ལ། མི་བརྒྱ་ཕྲག་མང་པོའི་གྲས་ནས་གཅིག་པུ་ཡར་ལངས་ཏེ་རྟགས་གསལ་དང་ལེན་འདེབས་བྱེད་དགོས་པའི་སྤོབས་པ་ཆུང་བའི་ཁྲོད་ནས་འདར་སིག་བྱེད་མཁན་ཡང་འོང་གི་ཡོད།
དེ་ལས་མང་བ།...
སློབ་གཉེར་བའི་རྒྱུགས་སྤྲོད་དབུ་བཙུགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་མཁས་སྙན་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་བཞི་ལས་བློ་རྒྱུགས་དང་ཟུར་སྦྱོང་གི་རྒྱུགས་སྤྲོད་ལེན་འགོ་ཚུགས།
དེ་རིང་ཕྱི་ལོ་ ༢༠༡༥ལོའི་ཟླ་ ༩ ཚེས་ ༣ ཉིན་ནས་སེར་བྱེས་སློབ་གཉེར་ཁང་ངམ་རྒྱུགས་ཞིབ་ལྷན་ཚོགས་ཀྱི་བཀོད་སྒྲིག་དང་སྟངས་འཛིན་གྱི་འོག་ཏུ། སེར་བྱེས་མཁས་སྙན་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་བཞིའི་ནང་ཚན་བློ་རྒྱུགས་དང་ཟུར་སྦྱོང་སྟེ་རིག་གནས་དང་ཆོས་འབྱུང་སོགས་ཀྱི་རྒྱུགས་སྤྲོད་ལེན་འགོ་ཚུགས། དེ་ཡང་སེར་བྱེས་གྲྭ་ཚང་གི་སློབ་གཉེར་བ་རྣམས་ལ་ལོ་གཅིག་ལ་རྒྱུགས་སྤྲོད་ཆེན་མོ་བཞི་དང་། དམིགས་བསལ་བློ་རྒྱུགས། བློ་རྒྱུགས་ཆེན་མོ་སོགས་ཡོད་ཅིང་། དེ་དག་སེར་བྱེས་སློབ་གཉེར་ཁང་ངམ་རྒྱུགས་ཞིབ་ལྷན་ཚོགས་ཀྱི་སྟངས་འཛིན་འོག་ཏུ། རྒྱུགས་སྤྲོད་སོ་སོར་ལོ་རེར་དུས་ཚེས་གཅིག་དུ་གཏན་འབེབས་བྱས་ཡོད་པ་ལྟར་འགྲོ་བཞིན་ཡོད། བློ་རྒྱུགས་ཆེན་མོ། བོད་ཟླ་ ༧ ཚེས ༡༧ ། ཟུར་སྦྱོང་སློབ་ཚན། བོད་ཟླ་ ༧ ཚེས ༢༡ ། དེ་དང་ལྷན་དུ་རང་ཁོངས་སོ་སོའི་སློབ་ཚན་ཐེ་བའི་བློ་རྒྱུགས་དང་། དམིགས་བསལ་བློ་རྒྱུགས་ཀྱང་ལེན། རྩོད་རྒྱུགས། བོད་ཟླ་ ༩ ཚེས ༥། བྲིས་རྒྱུགས། བོད་ཟླ་ ༡༢ ཚེས ༥།
སེར་བྱེས་མཁས་སྙན་གྲྭ་ཚང་གི་འཛིན་གྲྭ་སོ་སོའི་སློབ་གཉེར་བའི་གྲངས་དང་། འཛིན་གྲྭ་སོ་སོའི་ལོ་གཅིག་གི་རྩོད་གཞུང་དང་སློབ་ཚན། ལོ་འཁོར་རྒྱུགས་སྤྲོད་ཁག་གི་སློབ་ཚན་བཅས་ཀྱི་རེའུ་མིག
ལོ་རེའི་འཇང་དགུན་ཆོས་ཟླ་གཅིག་ལ་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ་སོགས་མཉམ་དུ་ཚད་མ་རྣམ་འགྲེལ་ལ་བགྲོ་གླེང་དང་། དེའི་སྔོན་དུ་གྲྭ་ཚང་རང་དུ་ཟླ་གཅིག་ལ་རྣམ་འགྲེལ་ཆོས་ཐོག །ད་དུང་ཚན་རིག་གི་རྒྱུགས་སྤྲོད་ཀྱང་ཡོད།
ཆོས་ཐོག་གི་སྐབས་སུ་རྩོད་པ་གཙོ་བོ་དང་། ཆོས་མཚམས་སུ་བློ་འཛིན་དང་དཔེ་ཁྲིད། དཔེ་གཟིགས་གཙོ་བོར་གནང་བ་དང་། ཆོས་རར་ཕེབས་པའི་ཉིན་གྲངས་བརྒྱ་ཆར་བཀུག་སྟེ། ཐོ་གྲངས་བརྒྱ་ཆ་མ་ལོན་ཚེ་རྒྱུགས་སྤྲོད་ལ་ཕེབས་མི་ཆོག་པ་དང་། རྒྱུགས་སྤྲོད་ཀྱི་རིམ་པ་གང་རུང་ཞིག་ལ་ཕེབས་མ་ཐུབ་ན་འཛིན་གྲྭ་རང་འཇགས་སྡོད་པ་ལས་འཕར་ཐུབ་ཀྱི་མེད། ལོ་རེར་སྐབས་སུ་གང་བབ་ཀྱི་གཞུང་ལས་དཔེ་རིང་ལྡེབས་༢༥ ངེས་པར་དུ་བློ་རྒྱུགས་སྤྲོད་དགོས། དམིགས་བསལ་བློ་རྒྱུགས་ནི། སློབ་གཉེར་བའི་གྲས་ནས་བཀའ་པོད་ལྔའི་རྩ་བ་སོགས་གཞུང་ཆེན་རིལ་པོ་བློ་འཛིན་བྱས་ཏེ་རྒྱུགས་འབུལ་ཞུ་བ་ལ་ཟེར།
སེར་བྱེས་སློབ་གཉེར་ཁང་ནི། ༡༩༧༣ ལོར་གསར་དུ་དབུ་བརྙེས་པ་ཞིག་ཡིན། གྲྭ་ཚང་འདིའི་སྔོན་འགྲོའི་བསྡུས་ཆུང་འཛིན་གྲྭ་ནས་བཟུང་སྟེ། ཆོས་རར་འགྲིམ་བཞིན་པའི་སློབ་གཉེར་བ་རྣམས་ཆོས་རར་ཕེབས་རིམ་བཞིན་ཐོ་བཤེར་གཏོང་བ་དང་། ཆད་ཐོ་ལྟར་ཉེས་ཆད་ལྷོད་ཡངས་སུ་མ་ཤོར་བར་བྱེད་པ་དང་། ལོ་འཁོར་རྒྱུགས་སྤྲོད་ཁག་གི་སྔ་ཕྱི་བར་གསུམ་གྱི་ལས་རིམ་ལ་རྐང་འགན་བཞེས་ཏེ། སློབ་ཚན་ཚང་མའི་བརྒྱ་ཆའི་ཨང་ཐོ་ཕྱོགས་བསྡོམས་གཞིར་བཟུང་གཟེངས་རྟགས་དང་། བཀའ་པོད་ལྔ་སོ་སོའི་འཛིན་གྲྭ་ཐོན་རིམ་བཞིན་ཕྱག་འཁྱེར་འབུལ་སྤྲོད་སོགས་ཀྱིས་མཚོན། སློབ་གཉེར་ཚགས་ཚུད་ཡར་རྒྱས་གཏོང་ཐབས་སུ་ཤེས་ཡོན་དང་སྤྱོད་པ་གཉིས་ཀར་ལྟ་རྟོག་དོ་དམ་བྱས་ཏེ། སློབ་གཉེར་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་ཐབས། སློབ་གཉེར་བའི་རྒྱུགས་སྤྲོད་ཀྱི་ཨང་དང་ལོ་རྒྱུས་རགས་བསྡུས་ཉར་ཚགས་དང་། བཟང་ངན་ཤན་འབྱེད་ཀྱིས་བཟང་པོར་རྟིང་སྐུལ་དང་། སློབ་གཉེར་བ་བཟང་གྲས་རྣམས་འཇང་དགུན་ཆོས་སོགས་དང་། དགེ་ལུགས་རྒྱུགས་སྤྲོད་དུ་གཏོང་བ་སོགས་ཀྱི་སྡེ་ཚན་གལ་ཆེན་ཞིག་ཡིན་ཞིང་། ལས་བྱེད་རྣམས་ནི་ལྷ་རམས་དགེ་བཤེས་ཐོན་པ་ཤ་སྟག་དང་། སྐབས་སོ་སོར་གྲྭ་ཚང་ཚོགས་མང་ནས་འོས་ཤོག་བླུགས་ཏེ་རྩེ་བཏོག་གིས་བསྐོ་འཇོག་བྱེད་བཞིན་ཡོད། སྐབས་དང་པོར། ཏྲེ་དགེ་བཤེས་བློ་བཟང་ཐུབ་བསྟན། ༼མཁན་ཟུར་བཀའ་འགྱུར་བ།༽ བྱ་དགེ་བཤེས་བཀྲ་ཤིས་འབུམ་གཉིས་ནས་འགན་རྐང་བཞེས་ཤིང་། སྐབས་བརྒྱད་པའི་སློབ་གཉེར་རྒན་བྲ་དགེ་བཤེས་བློ་བཟང་ཆོས་དར་དང་། ལྭ་དགེ་བཤེས་ཚུལ་ཁྲིམས་ཆོས་འཕེལ་གཉིས་ཀྱི་སྐབས་སུ་གྲྭ་ཚང་གི་གཙུག་ལག་ཁང་གི་འོག་ད་ལྟའི་ལས་ཁུངས་ཡོད་ས་དེར་ལས་ཁུངས་གསར་འཛུགས་བྱས་ཏེ། ཡར་རྒྱས་དང་ཚགས་ཚུད་བྱུང་བ་ཡིན་ལ། གྲྭ་ཚང་གི་ཆོས་རའི་ནང་གི་ཤིང་སྡོང་ཚང་མ་ཡང་སྐབས་དེར་རྒན་རྣམ་པ་གཉིས་རང་ཉིད་ཀྱིས་ལག་དངོས་སུ་འགུལ་ཏེ། ཚ་གདུང་ལ་མ་འཛེམས་པར་གསར་དུ་བཙུགས་པ་ཡིན།
སེར་བྱེས་རིག་མཛོད་ཆེན་མོ་དངོས་སུ་དབུ་འབྱེད་གནང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེ་རིང་སྔ་དྲོར་སེར་བྱེས་གྲྭ་ཚང་གི་ཆོས་རའི་ནང་དུ་གནད་ཡོད་སྐྱ་སེར་གང་མང་ཞིག་འཛོམས་ཏེ་སེར་བྱེས་རིག་མཛོད་ཆེན་མོའི་དྲ་ཚིགས་དངོས་སུ་དབུ་འབྱེད་གནང་སོང་།
ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༨ པའི་ཚེས་ ༡༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པའི་སྟེང་། སྐུ་མགྲོན་གཙོ་བོ་སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེའི་གཙོས། ཆོས་རིག་བཀའ་ཟུར་མཆོག་དང་། ཆོས་བརྒྱུད་ཁག་གི་མཁན་པོ་དང་སྐུ་ཚབ། ལུགས་བདེ་གཉིས་ཀྱི་གཞིས་འགོ་རྣམ་པ་གཉིས། འཕགས་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་སོགས་འཐུས་མི་ལྔ་བཅུ་ལྷག་སེར་བྱེས་གྲྭ་ཚང་གི་ཆོས་རར་འཛོམས་ཏེ། སྐུ་མགྲོན་གཙོ་བོ་གཉིས་ཀྱིས་སྣང་གསལ་ཞལ་འབྱེད་དང་། སེར་བྱེས་གྲྭ་ཚང་གི་མཁན་རིན་པོ་ཆེས་གསུང་བཤད་བཀའ་སློབ་གྲུབ་རྗེས། སེར་བྱེས་རིག་མཛོད་ཆེན་མོའི་དྲ་ཚིགས་དངོས་སུ་དབུ་འབྱེད་གནང་ཞིང་། དྲ་ཚིགས་བཟོ་སྐྲུན་པ་རྒན་ཀརྨ་ལགས་ཀྱིས་དྲ་ཚིགས་ངོ་སྤྲོད་མདོར་བསྡུས་ཤིག་གནང་སོང་།
སེར་བྱེས་རིག་མཛོད་ཆེན་མོ་ནི། རང་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ། མི་ཉམས་གོང་འཕེལ། སྤྱི་ཚོགས་ཞབས་ཞུ་སོགས་ལ་དམིགས་ཤིང་། བརྡ་འཕྲིན་གྱི་དུས་རབས་འདིར་དུས་དང་བསྟུན་པའི་ཡར་རྒྱས་སོགས་གལ་ཆེ་བར་མཐོང་སྟེ། སེར་བྱེས་གྲྭ་ཚང་གིས་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གསར་འཛུགས་གནང་བ་ལྟར། རྩོམ་སྒྲིག་ཁང་གིས་ཀྱང་ལོ་གཅིག་ལྷག་གི་རིང་ལ་རྒྱུ་ཆ་འཚོལ་སྡུད་ཀྱིས་གསར་བཟོ་བྱས་ཤིང་། གསུང་རབ་དཔེ་ཚོགས་དང་། ཚན་རིག །རིག་གནས། སྣ་མང་དཔྱད་བརྗོད་དང་སྒྱུ་རྩལ་རྩོམ་རིག་གི་བརྩམས་ཆོས་སོགས་གྱི་འཕྲུལ་དེབ། དཔེ་ཁྲིད་སོགས་ཀྱི་སྒྲ་མཛོད། རྒྱལ་བའི་མཛད་རྣམ་སོགས་ཀྱི་གློག་བརྙན་དང་འཕྲིན་གསར་སོགས་ལས་གྲུབ་པའི་སྣ་འཛོམས་རང་བཞིན་ཅན་གྱི་དྲ་ཚིགས་ཤིག་ཡིན།