- མདུན་ངོས།
- འཕྲིན་གསར།
- འཚམས་འདྲི་སོགས།
འཚམས་འདྲི་སོགས། (32)
སེར་བྱེས་ཏྲེ་ཧོར་རྒྱུད་སྨད་མཁན་ཟུར་བཀྲ་ཤིས་ཚེ་རིང་མཆོག་ལ་ཨོ་སི་ཀྲི་ལི་ཡའི་གཞུང་འབྲེལ་གྱི་ཆེ་བསྟོད་གཟེངས་རྟགས་འབུལ་བཞེས་མཛད་
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།གསལ་བསྒྲགས་སྔོན་སོང་བཞིན། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་བོད་བརྒྱུད་ནང་བསྟན་དང་ཤེས་ཡོན་ཐོག་ནས་སྤྱི་ཚོགས་ལ་ཕན་པའི་ཞབས་ཞུ་བླ་ན་མེད་པ་བསྒྲུབས་གནང་མཁན་ཨོ་སི་ཀྲི་ལི་ཡར་གནས་བཞུགས་སེར་བྱེས་ཏྲེ་ཧོར་རྒྱུད་སྨད་མཁན་ཟུར་བཀྲ་ཤིས་ཚེ་རིང་མཆོག་ལ་ཨོ་སི་ཀྲི་ལི་ཡའི་གཞུང་འབྲེལ་གྱི་ཆེ་བསྟོད་གཟེངས་རྟགས་ Order of Australia Medal ཞེས་པ་དེ་བཞིན་དེ་རིང་དངོས་སུ་འབུལ་བཞེས་མཛད་འདུག་པར་འདི་ག་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་དགའ་གུས་ཡི་རངས་ཀྱི་འཚམས་འདྲི་ཞུ་བ་དང་། རིན་པོ་ཆེ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པའི་སྨོན་འདུན་གྲངས་མེད་ཞུ་བ་དང་བཅས།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་ཕྱི་ལོ་༢༠༢༠།༠༩།༢༤ལ།
དེ་ལས་མང་བ།...
སེར་བྱེས་ལྷོ་པའི་དགེ་བཤེས་བྱམས་པ་རྒྱ་མཚོ་མཆོག་ཉིན་གྲངས་ ༢༨ རིང་ཐུགས་དམ་ལ་བཞུགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་ལྷོ་པའི་དགེ་བཤེས་བྱམས་པ་རྒྱ་མཚོ་མཆོག་དགོངས་པ་རྫོགས་ནས་ཉིན་གྲངས་ ༢༨ རིང་ཐུགས་དམ་ལ་བཞུགས།
སེར་བྱེས་ལྷོ་པའི་དགེ་བཤེས་བྱམས་པ་རྒྱ་མཚོ་མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༤ ཉིན་ཐའེ་ཝན་དུ་དགོངས་པ་རྫོགས་འདུག་པ་དང་། དེ་ཡང་དགོངས་པ་རྫོགས་ནས་ཉིན་གསུམ་ཕྱིན་ཡང་སྐུ་ཕུང་གི་མདོག་འགྱུར་བ་མེད་པ་དང་། དྲི་མ་གང་ཡང་མེད་པར་བཞུགས་པར་བརྟེན་ཐུགས་དམ་ལ་བཞུགས་ཡོད་པ་ཤེས་རྟོགས་བྱུང་། སྐབས་དེ་ཐའེ་ཝན་དབྱར་དུས་གནམ་གཤིས་ཚ་དྲོད་ཆེ་བའི་སྐབས་ཡིན་ཡང་སྐུ་ཕུང་གི་ཤ་མདོག་ལ་འགྱུར་བ་མེད་པ་མ་ཟད་དྲི་མ་ཡང་མེད་སྟབས། སྐུ་ཕུང་འཁྲིས་སུ་བཞུགས་མཁན་དང་། སྨན་ཞབས་པ་ཚོས་དེ་སྔོན་གནས་སྟངས་དེ་ལྟ་བུ་མཐོང་མྱོང་རྩ་བ་ནས་མེད་པའི་སྐོར་སོགས་གནས་ཚུལ་ཞིབ་ཕྲ་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་སྙན་སེང་ཞུས་པར། བྱང་སེམས་དཀར་དམར་འབབ་པ་དང་། སྐུ་ལུས་ཀྱི་མདོག་འགྱུར་བ་སོགས་ཀྱི་མཚན་མ་མ་བྱུང་བར་དུ་ཞུགས་འབུལ་མི་བྱེད་པ་དང་། བྱུང་ན་སྨན་པ་དང་ཚན་རིག་པར་བརྟག་དཔྱད་བྱེད་འཇུག་རྒྱུའི་ལམ་སྟོན་བྱུང་པ་ལྟར། ཐའེ་ཝན་དབུས་ཞིབ་འཇུག་ཁང་ (Academia Sinica) གི་དངོས་ཁམས་རིག་པའི་ཚན་རིག་པར་འབྲེལ་བ་ཞུས་དོན་ལྟར་ཉིན་གྲངས་བཅུ་པ་ཕྱི་ཚེས་ ༢༤ ཉིན་ཚན་རིག་འཕྲུལ་ཆས་བརྒྱུད་ནས་སྐུ་ཕུང་ལ་བརྟག་དཔྱད་གནང་ཞིང་། བརྟག་དཔྱག་གནང་མཁན་ནས་ཕུང་པོའི་ཁྲག་ནང་གི་རླུང་གི་ནུས་པ་མི་གསོན་པོའི་གནས་སྟངས་དང་ཐག་ཉེ་པོ་ཡིན་པ་དང་། ད་དུང་ཡང་ཕུང་པོའི་ཤ་པགས་ལ་ལྡེམ་ཤུགས་ལྡན་པ་མ་ཟད། ཁང་པའི་ནང་གི་དྲོད་ཚད་དང་ཕུང་པོའི་དྲོད་ཚད་མཉམ་པ། ལུས་པོའི་ནང་ཆ་རུལ་གྱི་མེད་པ་གསལ་པོ་ཡིན་སྐོར་འགྲེལ་བརྗོད་གནང་ཞིང་། ཚན་རིག་པས་འཕྲུལ་ཆས་ཀྱིས་བརྟག་དཔྱད་བྱས་པའི་གྲངས་ཚད་སོགས་སྟོན་ཐུབ་པ་ལས་དེའི་ཐོག་འགྲེལ་བཤད་གང་ཡང་བྱེད་ཐུབ་ཀྱི་མེད་པའི་སྐོར་ཡང་གསུངས་འདུག
ཡང་། ཉིན་གྲངས་ ༡༤ པ་ཚེས་ ༢༨ དང་། ཉིན་གྲངས་ ༡༨ པ་ཕྱི་ཟླ་ ༨ ཚེས་ ༡ ཉིན་བཅས་སྔ་རྗེས་ཐེངས་གཉིས་ལ་ཐའེ་ཝན་གཙུག་ལག་སློབ་ཆེན་གྱི་སེམས་ཁམས་རིག་པ་བས་འཕྲུལ་ཆས་བརྒྱུད་ཀླད་པའི་དབང་རྩར་བརྟག་དཔྱད་གནང་བར། ཀླད་པའི་འཕར་ཚད་འགུལ་ཤུགས་ཡོད་པ་ངོ་སྤྲོད་གནང་འདུག
མཐར་སྐུ་ཕུང་གི་ཤ་མདོག་ལ་ཕྲན་བུའི་གྱུར་བ་ཕྱིན་པ་སོགས་ཐུགས་དམ་གྲོལ་བའི་མཚན་མ་བྱུང་བ་བཅས་ཁྱོན་ཉིན་གྲངས་ ༢༨ རིང་ཐུགས་དམ་ལ་བཞུགས་འདུག
དམ་པ་ཁོང་གི་མཛད་རྣམ་སྙིང་བསྡུས་སུ་ཞུ་ན།
དགེ་བཤེས་བྱམས་པ་རྒྱ་མཚོ་མཆོག་ནི། ཕྱི་ལོ་ ༡༩༣༥ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་འཁྲུངས་ཤིང་། དགུང་ལོ་ ༧ གྱི་ཐོག་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གནང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་སྐབས། དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་ཀྱང་འཛིན་བཟུང་བྱས་ཏེ་མི་ལོ་ཧྲིལ་པོ་ ༢༠ རིང་བཙོན་འཇུག་གིས་མནར་གཅོད་ཚད་མེད་བཏང་། ཕྱིས་སུ་བཙོན་ཁང་ནས་ཀློད་གྲོལ་ཐོབ་རྗེས། ཕྱི་ལོ་ ༡༩༧༩ ལོར་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ་གཉིས་སུ་བོད་ཀྱི་གནའ་བོའི་རིག་གནས་ཞིབ་འཇུག་ཚན་པའི་ཁོངས་སུ་བསྐོ་བཞག་བྱས་པ་ལྟར། ལོ་ངོ་ ༡༥ རིང་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༤ ཟླ་ ༡༢ པའི་ནང་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཞིན། སྐུ་སྒེར་གྱི་བཞུགས་གནས་སུ་ནང་པའི་གཞུང་ཆེན་ཁག་གི་དཀར་ཆག་ཕྱོགས་སྒྲིག་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་དགེ་བཅས་གནང་། ཕྱི་ལོ་ ༡༩༩༧ ལོར་༧གོང་ས་མཆོག་ནས་ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་གི་ཆོས་དགེ་ཐེངས་དང་པོར་ཐད་ཀར་བསྐོ་བཞག་གནང་བ་ལྟར་ཐའེ་ཝན་དད་ལྡན་མང་ཚོགས་དང་སློབ་མ་སྟོང་ཕྲག་མང་པོར་ནང་ཆོས་འཆད་ཁྲིད་ཀྱི་ཕྱག་ལས་རླབས་ཆེན་གནང་། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༤ ཉིན་ཐའེ་ཝན་དུ་དགུང་གྲངས་ ༨༥ ཐོག་དགོངས་པ་རྫོགས་པ་བཅས་དམ་པ་ཁོང་གི་མཛད་རྣམ་སྙིང་བསྡུས་སུ།
ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༠ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
༸གོང་ས་མཆོག་དགུང་གྲངས་༨༥ལ་ཕེབས་པའི་སྐུའི་འཁྲུངས་སྐར་འཚམས་འདྲི།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།བདེན་གསུང་རིགས་པའི་འོད་ཟེར་རྣོན་པོས་མཁས་རྒུའི་ཡིད་ཀྱི་མུན་པ་སེལ། །
རིས་བྲལ་བརྩེ་ཆེན་བདུད་རྩིའི་ཟེགས་མ་དྲག་ཞན་བར་མའི་འགྲོ་ལ་སྙོམ། །
རྨད་བྱུང་ཐུགས་བསྐྱེད་བརྟན་པོའི་སྟོབས་ཀྱིས་འཇིག་རྟེན་ཞི་བདེས་ཁ་ལོ་སྒྱུར། །
གྲུ་འཛིན་མགོན་པོ་བཞད་པའི་ཚེམས་དཀར་བསྐལ་པའི་མཐར་ཡང་མཛེས་གྱུར་ཅིག །
གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་ཡོངས་ཀྱི་ལྷ་སྐལ་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་མི་ཡི་རྣམ་པར་རོལ་པ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག །སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག །བོད་ཤིང་ཕག་ཟླ་ ༥ ཚེས་ ༥ དང་། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་མདོ་སྨད་སྐུ་འབུམ་སྟག་མཚེར་དུ་སྐུ་བལྟམས་ནས་ཕྱི་ལུགས་དགུང་གྲངས་ ༨༥ དང་། རང་ལུགས་དགུང་གྲངས་ ༨༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་བཟང་ལ། བཀའ་དྲིན་རྗེས་སུ་དྲན་བཞིན། གུས་ཕྱག་སྔོན་དུ་ཕུལ་ཏེ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ ཉིན།