འཚམས་འདྲི་སོགས།

འཚམས་འདྲི་སོགས། (32)

ཨོ་སི་ཀྲི་ལི་ཡར་གནས་བཞུགས་རྒྱུད་སྨད་མཁན་ཟུར་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་སུ་ཡུལ་དེའི་ནང་སྙན་གྲགས་ཆེ་བའི་རྒྱལ་ཁབ་ཀྱི་གཟེངས་རྟགས་ Order of Australia Medal ཞེས་པ་འབུལ་གཏན་ཁེལ་བར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
དེ་ཡང་ཨོ་སི་ཀྲི་ལི་ཡར་ལོ་ལྟར་དབྱིན་ཡུལ་གྱི་རྒྱལ་མོ་ Elizabeth གཉིས་པ་མཆོག་གི་འཁྲུངས་སྐར་དང་བསྟུན། ཡུལ་དེའི་ནང་དུ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན། སྒྱུ་རྩལ། ཚན་རིག་སོགས་སྡེ་ཚན་འདྲ་མིན་གྱི་ཐོག་ཞབས་ཞུའི་གྲུབ་འབྲས་གཟེངས་སུ་ཐོན་པ་གནང་མཁན་རྣམས་ལ་ཨོ་སི་ཀྲི་ལི་ཡ་གཞུང་འབྲེལ་གྱི་ཆེ་བསྟོད་གཟེངས་རྟགས་ Order of Australia Medal ཞེས་པ་འབུལ་སྲོལ་ཡོད་པ་ལྟར། འདི་ལོའི་གཟེངས་རྟགས་འབུལ་ཡུལ་གྱི་ཁོངས་སུ་བོད་བརྒྱུད་ནང་བསྟན་དང་ཤེས་ཡོན་ཐད་ནས་སྤྱི་ཚོགས་ལ་ཕན་པའི་ཞབས་ཞུ་བླ་ན་མེད་པ་སྒྲུབ་གནང་མཁན་ཡུལ་དེའི་ནང་གནས་བཞུགས་སེར་བྱེས་ཏྲེ་ཧོར་རྒྱུད་སྨད་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་བདམས་ཐོན་བྱུང་ཡོད་འདུག །
མཁན་ཟུར་དགེ་བཤེས་བཀྲིས་ཚེ་རིང་ལགས་ནི་ཕྱི་ལོ་ ༡༩༣༧ ལོར་མདོ་ཁམས་ཏྲེ་ཧོར་དཀར་མཛེས་རྒྱས་བཟང་དུ་འཁྲུངས་ཤིང་། དགུང་ལོ་དྲུག་པར་ཁང་དམར་དགོན་དུ་ཞུགས། དགུང་གྲངས་ ༡༧ ཐོག་དབུས་ཀྱི་སེར་བྱེས་གྲྭ་ཚང་དུ་ཞུགས་ཏེ་སློབ་གཉེར་གྱི་དབུ་ཚུགས། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ནས་ཐོག་མར་སྦག་ས་དང་དེ་ནས་ལྷོ་ཕྱོགས་སུ་ཕེབས་ཏེ་སློབ་གཉེར་གྱི་འཕྲོ་བསྐྱངས་ཤིང་དགེ་ཕྲུག་མང་པོར་དཔེ་ཁྲིད་ཀྱང་གནང་། སློབ་གཉེར་ཐོན་ནས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཕེབས་ཏེ་རྒྱུགས་སྤྲོད་ཀྱི་རིམ་པ་རྣམས་ལེགས་པར་གྲུབ་ནས་ཕྱི་ལོ་ ༡༩༨༣ ལོར་དགེ་བཤེས་ལྷ་རམས་ཨང་རིམ་དང་པོའི་མཚན་གནས་བཞེས།
ཕྱི་ལོ་ ༡༩༩༠ ལོར་ཨོ་སི་ཀྲི་ལི་ཡར་ཕེབས་ཏེ་སྔ་རྗེས་སུ་དུས་ཡུན་ལོ་ ༢༥ ལྷག་གི་རིང་ལ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ཚོགས་པ་ཆོས་ཚོགས་ཐེབས་རྩ་ཁང་སོགས་སྣ་ཚོགས་སུ་དོན་གཉེར་ཅན་རྣམས་ལ་ལམ་རིམ་བློ་སྦྱོང་སོགས་ནང་ཆོས་སློབ་ཁྲིད་ཀྱི་ཕྱག་ལས་གནང་སྟེ་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་ཤེས་ཡོན་གྱི་ཐོག་ནས་སྤྱི་ཚོགས་ལ་ཕན་པའི་ཞབས་འདེགས་རླབས་ཆེན་ཞུས་དང་ཞུ་བཞིན་ཡོད་འདུག ། ཕྱི་ལོ་ ༢༠༠༩ ལོར་སླར་ཡང་རྒྱ་གར་དུ་ཕེབས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྐོ་བཞག་གནང་བ་ལྟར་རྒྱུད་སྨད་མཁན་པོའི་མཛད་ཁུར་ཡང་བཞེས་གནང་མཛད།
༢༠༢༠།༠༦།༡༠ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ངོ་ཤོག 6 ནས་ 11