-
མདུན་ངོས།
-
འཕྲིན་གསར།
- འཚམས་འདྲི་སོགས།

འཚམས་འདྲི་སོགས། (34)
སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་ལ་མཚན་མཐོང་ཕྱག་འཁྱེར་ཕུལ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།རྣམ་གྲྭ་དང་རྒྱུད་སྟོད་མཁན་ཟུར་སྐྱབས་རྗེ་བྱ་དོ་རིན་པོ་མཆོག་ལ་ཌི་ཛ་ཡའི་ནང་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་འབུམ་རམས་པའི་མཚན་མཐོང་ཕྱག་འཁྱེར་སོགས་གནང་འདུག
དེ་ཡང་རྣམ་གྲྭ་མཁན་ཟུར་བྱ་དོ་རིན་པོ་ཆེ་མཆོག་གིས་ལོ་མང་རིང་ཆེན་པོ་ཧོར་གྱི་ཡུལ་གྲུ་རྣམས་སུ་ནང་ཆོས་དོན་གཉེར་བ་རྣམས་ལ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ཆོས་འབྲེལ་གནང་ཡོད་པ་དང་། ཟླ་འདིར་ཡང་བྷུར་ཡ་ཏའི་ཡུལ་དུ་མི་མང་ཁྲི་ཚོ་བརྒལ་བར་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་ཡོད་པ་སོགས་བསྟན་འགྲོའི་དོན་རླབས་ཆེན་མཛད་གནང་ཡོད་པ་ལྟར། ཌི་ཛ་ཡ་ཡི་ནང་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་རིན་པོ་ཆེ་མཆོག་ལ་འབུམ་རམས་པའི་མཚན་མཐོང་ཕྱག་འཁྱེར་དང་། བུར་ཡ་ཏ་ཡེའི་གཞུང་གིས་[བུར་ཡ་ཏ་ཡེའི་གཟེངས་བསྟོད་ཀྱི་ལེགས་སྐྱེས།] འབུལ་གནང་མཛད་ཡོད་འདུག
སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་ནི། འདི་ག་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་དགེ་བཤེས་ལྷ་རམས་པ་ཐོན་རྗེས། སྐུ་གོང་མའི་མཛད་པ་ལྟར་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་དང་། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེར་བསྐོ་བཞག་གནང་བ་ལྟར་མཁན་པོའི་མཛད་འགན་བཞེས་ཤིང་། ༢༠༡༣ ལོ་ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དང་མཁན་རིན་པོ་ཆེའི་མཛད་འཁུར་རིམ་པར་གནང་ཡོད་ལ། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོ་བྱས་པའི་བླ་མ་དམ་པ་མང་པོའི་མདུན་ནས་དབང་ལུང་མན་ངག་ཁྲིད་སོགས་ཞུས་གནང་ཡོད་འདུག
༢༠༡༩།༠༧།༢༢ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
དེ་ལས་མང་བ།...
༸གོང་ས་མཆོག་དགུང་གྲངས་༨༤ལ་ཕེབས་པའི་སྐུའི་འཁྲུངས་སྐར་འཚམས་འདྲི།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།༧འཇིག་རྟེན་འདིའི་སྟོན་པ་ཆེན་པོ་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོའི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
ཟླ་ཤེལ་དུང་དང་ཀུན་ད་ལྟར་དཀར་བརྩེ་སེམས་ནོར་བུའི་འོད་བཟང་ལ་འཁྱུད་ཡངས་པའི་སྤྱན་ཟུང་འགྲོ་ལ་འཛུམ། །
ཚངས་པའི་དབྱངས་དང་དབྱངས་ཅན་ཕྱག་གི་རྒྱུད་མངས་ལ་འཁུ་གསུང་ངག་རིན་ཆེན་སྟོང་དང་རྟེན་འབྱུང་འོ་མས་འཚོ། །
ཡངས་པའི་གོ་ལའི་བཞུད་ལམ་རིང་མོ་ཡུད་ཀྱིས་བགྲོད་པའི་ཉི་གཞོན་ཇི་བཞིན་མཛད་འཕྲིན་ས་གཞིའི་ཁྱོན་ལ་སྐྱེལ། །
རིས་མེད་སྔོན་གྱི་སྟོན་པ་རྣམས་ཀྱང་གང་གི་མཛད་ལ་བསྒྲུན་དུ་མེད་འདིས་ཁྱོད་ནི་སྟོན་པ་ཆེན་པོ་འོ། །
༧ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་བཞི་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ། གུས་འབངས་སེར་བྱེས་རིག་མཛོད་ཀྱི་ལས་བྱེད་ཡོངས་ནས་དགའ་དད་སྤྲོ་གསུམ་གྱིས་གུས་ཕྱག་གི་བརྩེགས་མ་དང་བཅས་ཏེ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ༢༠༡༩ .༠༧.༠༤ ལ།
དབྱིན་ཇི་གོང་མའི་ཆེ་བསྟོད་གཟེངས་རྟགས་འབུལ་གཏན་ཁེལ་བ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་༧སྐྱབས་རྗེ་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་ལ།
དབྱིན་ཇི་གོང་མའི་གཟེངས་རྟགས་འབུལ་གཏན་ཁེལ་བར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་ཞུ།
དེ་ཡང་ཟླ་འདིའི་ཕྱི་ཚེས་ ༦ ཉིན་དབྱིན་ཡུལ་ནས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་༧སྐྱབས་རྗེ་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་གིས་འདས་པའི་ལོ་ངོ་ ༢༤ ཙམ་རིང་དབྱིན་ཡུལ་དུ་སྤྱི་ཚོགས་ཞབས་ཞུ་གཟེངས་སུ་ཐོན་པ་གནང་བར་ཆེ་བསྟོད་དུ་དབྱིན་ཇི་རྒྱལ་མོའི་གཟེངས་རྟགས་འབུལ་གཏན་འཁེལ་བ་གསལ་བསྒྲགས་བསྐྱངས་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པར་སེར་སྨད་གྲྭ་ཚང་གི་འདུ་ཁང་དུ། གྲྭ་ཚང་གི་དབུ་ཆོས་རྣམ་གཉིས་དང་བླ་སྤྲུལ་སོགས་འདུ་འཛོམས་ཀྱིས་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད་པ་དང་།
ཕྱི་ཚེས་༡༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢:༣༠ ལ་སེར་སྨད་གྲྭ་ཚང་གི་ཕྱག་མཛོད་དང་དབུ་མཛད་དགེ་བསྐོས་བཅས་ཀྱིས་གྲྭ་ཚང་གི་ཐོག་ཁར་མཁན་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་དང་རྟེན་འབྲེལ་མཇལ་དར་ཕུལ་ཏེ་རྟེན་འབྲེལ་གྱི་མཛད་སྒོ་སྟབས་བདེ་ཞིག་ཀྱང་ཚོགས་ཡོད་འདུག
སྤྱིར་དབྱིན་ཇི་རྒྱལ་མོའི་གཟེངས་རྟགས་དེ་ནི་ལོ་ལྟར་དབྱིན་ཇིའི་ལོ་སར་དང་དབྱིན་ཇི་རྒྱལ་མོའི་འཁྲུངས་སྐར་གྱི་དུས་ཚོད་དང་བསྟུན་ཏེ་སྤྱི་ཚོགས་ནང་དུ་གཟེངས་སུ་ཐོན་པའི་ཞབས་འདེགས་ཞུ་མཁན་ལ་གནང་སྲོལ་ཡོད་པ་ལྟར། མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་གིས་ལོ་མང་རིང་དབྱིན་ཡུལ་དུ་ནང་བསྟན་གྱི་སྒོ་ནས་སྤྱི་ཚོགས་ལ་ཞབས་འདེགས་བླ་ན་མེད་པ་བསྒྲུབས་པར་ཆེ་བསྟོད་དུ་གཟེངས་རྟགས་དེ་འབུལ་རྒྱུར་ཐག་གཅོད་གནང་ཡོད་འདུག །
༧སྐྱབས་རྗེ་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་ནི་ཕྱི་ལོ་ ༡༩༥༨ ལོར་བོད་སྤུ་ཧྲེང་དུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༩ ལོར་ཡབ་ཡུམ་གཉིས་ཀྱིས་ཁྲིད་དེ་འཕགས་ཡུལ་དུ་བཙན་བྱོལ་ལ་འབྱོར། དགུང་ལོ་ ༡༣ སྟེང་རྒྱ་གར་ལྷོ་ཕྱོགས་ཀྱི་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་སྒོར་ཞུགས། ཕྱི་ལོ་ ༡༩༨༩ ལོར་དགེ་བཤེས་ལྷ་རམས་པའི་དམ་འཇོག་གནང་ཡོད་པ་དང་། དེ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་ལམ་སྟོན་དང་འབྲེལ་ནས་ཕྱི་ལོ་ ༡༩༩༡ ལོ་ནས་བཟུང་ཡོ་རོབ་དང་། བྱང་ཨ་མི་རི་ཀ །དེ་བཞིན་ཨེ་ཤ་ཡ་རྒྱལ་ཁབ་སོགས་སུ་ནང་བསྟན་གྱི་སློབ་ཁྲིད་གནང་བཞིན་ཡོད་འདུག །
ཕྱི་ལོ་ ༢༠༡༥ ནས་ལོ་ ༣ རིང་ལོན་ཊོན་གཙུག་ལག་སློབ་གྲྭ་ཆེན་མོར་སློབ་གཉེར་གནང་སྟེ་གཙུག་ལག་རབ་འབྱམས་པའི་ཕྱག་འཁྱེར་བཞེས་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོ་ནས་ནང་ཆོས་ཀྱི་གཞི་རྩའི་ལྟ་གྲུབ་སློབ་སྦྱོང་(Foundation of Buddhist Thoughts) ཟེར་བ་དང་ལམ་རིམ་སོགས་ཀྱི་བརྗོད་གཞིའི་ཐད་དྲ་རྒྱ་བརྒྱུད་ནང་ཆོས་དོན་གཉེར་བ་ཚོར་སློབ་ཁྲིད་གནང་སྟེ་དུས་ཡུན་ལོ་གཉིས་ཅན་གྱི་དེང་དུས་དང་མཐུན་པའི་སློབ་གཉེར་གྱི་ལས་གཞི་ཞིག་བཙུགས་ཡོད་པ་དང་། ད་བར་ལས་གཞི་དེར་རྒྱལ་ཁབ་འདྲ་མིན་ནས་འཛུལ་ཞུགས་བྱེད་མཁན་མི་གྲངས་༦༠༠༠ ཙམ་བྱུང་ཡོད་པའི་ཁྲོད། མི་གྲངས་ ༤༠༠༠ ལྷག་དངོས་སུ་སློབ་མཐར་ཕྱིན་ཡོད་འདུག །ཕྱི་ལོ་ ༢༠༡༧ ལོར་ཨེ་ཤ་ཡ་དང་ཨ་ཕི་རི་ཀའི་ཐོག་གི་ལོན་ཌོན་གཙུག་ལག་སློབ་གཉེར་ཁང་ནས་མི་རྒྱུད་དཔྱད་རིག་ཐད་གཙུག་ལག་རབ་འབྱམས་ཀྱི་སློབ་མཐར་སོན་པ་དང་། ཁོང་ནས་དབྱིན་ཡིག་ཐོག་ The Foundation of Buddhist Thought འམ་ནང་པའི་ལྟ་གྲུབ་ཀྱི་རྨང་གཞི་ཞེས་པའི་ཕྱག་དེབ་པོད་བདུན་ཙམ་བརྩམས་ཡོད་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལྟར་ཕྱི་ལོ་ ༢༠༡༨ ཟླ་ ༦ ནང་སེར་སྨད་ཐོས་བསམ་ནོར་གླིང་གི་མཁན་ཐོག ༩༡ པར་བཞུགས་ཡོད་འདུག
༢༠༡༩།༠༦།༡༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།