- མདུན་ངོས།
- འཕྲིན་གསར།
འཕྲིན་གསར། (117)
༸གོང་ས་མཆོག་དགུང་གྲངས་༨༧ལ་ཕེབས་པའི་སྐུའི་འཁྲུངས་སྐར་འཚམས་འདྲི།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དུང་ཕྱུར་བདུན་ཅུའི་བདེ་དོན་ཆེད་དུ་མཛའ་མཐུན་ཞི་བདེའི་ལམ་སྟོན་མཛད། །
ས་ཡ་དྲུག་གི་གསོན་གནས་སླད་དུ་གཉིས་སྨན་དབུ་མའི་ལམ་ཆེན་བཏོད། །
བདེན་དོན་ཤོར་བའི་ཆོས་ལུགས་མཐའ་དག་ཡ་རབས་བྱམས་བརྩེའི་ལམ་དུ་ཁྲིད། །
འཇིག་རྟེན་མགོན་པོའི་མཚན་གྱི་སྙན་པ་ཁྱོད་ཉིད་ཁོ་ནར་དོན་དང་བཅས། །
རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་འདུས་པའི་རང་གཟུགས་གསུམ་ལྡན་ངུར་སྨྲིག་འཛིན་པའི་རྣམ་པར་རོལ་པ། འཇིག་རྟེན་ཞི་བདེའི་ལམ་སྟོན་པ་ཆེན་པོ། ༧སྤྱི་ནོར་ ༧གོང་ས་ ༧སྐྱབས་མགོན་ ༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་གྱི་དགུང་གྲངས་ ༨༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཚེས་བཟང་པོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༦ ཉིན།
དེ་ལས་མང་བ།...
༧རྒྱལ་བ་ཀརྨ་པའི་འཁྲུངས་སྐར་འཚམས་འདྲི།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་༧རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་བཟང་ཁྱད་པར་ཅན་ལ་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། མགོན་པོ་མཆོག་གི་སྐུ་ཚེ་བསྐལ་པ་རྒྱ་མཚོར་རབ་ཏུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་བདེ་བླག་ཉིད་དུ་འགྲུབ་པའི་སྨོན་འདུན་དང་བཅས། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༣༠ ཉིན།
ས་ག་ཟླ་བའི་ཚེས་བཅོ་ལྔའི་དུས་བཟང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་དུ་མཁན་བླ་འདུས་མང་ཡོངས་ནས་དགོང་མོར་དུས་བཟང་སྐབས་བླ་མ་མཆོད་པ་བདེ་སྟོང་དབྱེར་མེད་ཀྱི་སྒོ་ནས་ཚོགས་མཆོད་དང་བསྙེན་བཀུར་རྒྱས་པར་མཛད། བོད་ཟླ་བཞི་པར་རགས་རྩིས་ཀྱིས་བོད་ཟླ་བཞི་པའི་ཚེས་བཅོ་ལྔའི་ཉིན་ཟླ་བ་དང་མཉམ་དུ་འགྲོགས་པའི་སྐར་མ་ནི་རྒྱུ་སྐར་ཉེར་བརྒྱད་ཀྱི་ནང་ནས་རྒྱུ་སྐར་ས་ག་ཡིན་པའི་ཆ་ནས་བོད་ཟླ་བཞི་པར་ས་ག་ཟླ་བ་ཞེས་བརྗོད་པ་ཡིན། ཟླ་བ་འདི་ནི་བདག་ཅག་གི་སྟོན་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་དུས་ཆེན་ཏེ་དུས་ཆེན་གསུམ་འཛོམས་ཀྱི་ཟླ་བར་ངོས་འཛིན་བྱེད་ཀྱིན་ཡོད།
དེ་ཡང་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་དགའ་ལྡན་གྱི་གནས་ནས་གཟིགས་པ་ལྔས་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པར་བརྫུས་ཏེ། ས་ལུག་ཆུ་སྟོད་ཟླ་བ་དྲུག་པའི་ཚེས་ ༡༥ ཉིན་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་ནས་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ཉིན་ལུམ་བིའི་ཚལ་དུ་སྐུ་བལྟམས་པ་དང་གཅིག །
ཤིང་རྟ་ས་ཟླའི་ཚེས་༡༥ཡི་མཚན་མོར་བྱང་ཆུབ་ཤིང་གི་དྲུང་དུ་མཉམ་པར་བཞག་སྟེ་སྲོད་ལ་བདུད་བཏུལ་བ་དང་ཐོ་རེངས་མངོན་པར་སངས་རྒྱས་པ་དང་གཉིས།
ལྕགས་འབྲུག་ས་ག་ཟླ་བའི་ཚེས་༡༥ ཉིན་རྩྭ་མཆོག་གྲོང་དུ་གཤེགས་ཏེ་སཱ་ལའི་ཚལ་གྱི་དབུས་སུ་ཐ་མལ་གྱི་གཟིམས་ཁྲིར་བཞུགས་ཤིང་ཉན་ཐོས་འོད་སྲུངས་ཆེན་པོ་ལ་བསྟན་པ་གཏད་པ་སོགས་ས་ཟླའི་དུས་ཆེན་གྱི་གནས་ཚུལ་རྒྱས་པར་མཁྱེན་འདོད་ན་འབྲེལ་ཐག་འདི་ནས་རྒྱས་པར་གཟིགས་་་་
༢༠༢༢ ཟླ་ ༦ ཚེས་༡༤ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།