-
མདུན་ངོས།
- འཕྲིན་གསར།

འཕྲིན་གསར། (133)
ལས་བྱེད་གསར་བསྡུའི་གསལ་བསྒྲགས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སེར་བྱེས་རིག་མཛོད་ཆེན་མོའི་ལས་བྱེད་གསར་བསྡུའི་གསལ་བསྒྲགས།
མཁྱེན་སྤྱན་རབ་ཏུ་ཡངས་ཤིང་རིག་གནས་ཀྱིས་ཐུགས་རྒྱུད་ཡོངས་སུ་གཏམས་པའི་རང་རེའི་མཁས་མང་འདུས་པ་རྒྱ་མཚོའི་སྙན་དབང་རིན་པོ་ཆེར་འབུལ་ལམ།
ད་ལྟའི་ཆར་འདི་གའི་རྩོམ་སྒྲིག་ཁང་གི་ལས་མི་ཁག་ཅིག་དགེ་བཤེས་ཀྱི་མཚན་རྟགས་གྲུབ་ནས་རྒྱུད་གྲྭར་ཆོས་ཐོག་ཕེབས་དགོས་པ་བཅས་ལ་བརྟེན། རྩོམ་སྒྲིག་ཁང་དུ་ལས་བྱེད་གསར་པ་མི་གྲངས་གསུམ་ཙམ་ལ་ལས་ཀའི་ས་མིག་གི་གོ་སྐབས་ཡོད་ལགས་ན། བོད་ཀྱི་རིག་གཞུང་ལ་དུང་བ་ཟབ་པའི་ཕེབས་འདོད་ཡོད་པའི་མཁྱེན་ལྡན་པ་དག་གིས་ཐུགས་སྣང་ཡོང་བ་ཞུ།
འཛུལ་ཞུགས་ཀྱི་ཆ་རྐྱེན་ནི། དགེ་བཤེས་ནས་དབུ་མ་འཛིན་གྲྭ་སླེབས་པའི་བར་ཡིན། དེ་ཡང་བོད་ཡིག་རང་རྐྱ་ཕེལ་བ་དགོས་གལ་ཆེ། ལས་བྱེད་འཛུལ་ཞུགས་ཀྱི་མཚན་ཐོ་བསྡུས་ཟིན་པའི་ཉིན་ཞིག་ལ་བོད་ཡིག་གི་ཤེས་ཚད་ལ་གཞིགས་ཏེ་འདེམ་སྒྲུག་བྱ་རྒྱུ་ཡིན། གལ་ཏེ་ཤེས་ཚད་འདྲ་མཉམ་སླེབས་པ་ཡིན་ན་འཛིན་གྲྭ་རྒན་པ་དེ་ལ་གོ་སྐབས་མང་བ་ཡོད། ལས་བྱེད་དངོས་སུ་འདེམས་ཐོན་བྱུང་མཚམས་སུ། བདུན་ཕྲག་རེའི་ནང་ཉིན་ལྔ་དང་ཕྱེད་ལས་ཁུངས་སུ་ཕེབས་དགོས། རྒྱུན་ལྡན་གྱི་དུས་ཆེན་ཁག་དང་། རེས་གཟའ་མིག་དམར་དང་ཟླ་བའི་ཕྱི་དྲོ་བཅས་ལ་གུང་སེང་ཡིན། ལྷག་པ་དང་ཟླ་བ་ནམ་ཡིན་ལ་ཆུ་ཚོད་རེ་རེ་གཤམ་དུ་འཁོད་པའི་སྦྱོང་ཚན་ཁག་ལ་སློབ་ཁྲིད་དང་རང་སྦྱོང་གི་དུས་ཚོད་ཡོད། སྦྱོང་ཚན་ནི། དེབ་གཟུགས་དང་པར་རིས་སྒྲིག་སྦྱོར་གྱིས་མཚོན་པའི་གློག་ཀླད་སྤྱིའི་བཀོལ་སྤྱོད་དང་། རྒྱུན་སྤྱོད་དྲ་རྒྱ་སྤྱིའི་བདེ་འཇགས་དང་ལག་བསྟར་སོགས་ཀྱི་སྐོར་ལ་གསར་དུ་སྦྱོང་རྒྱུའི་གོ་སྐབས་ཡོད། དེ་སྔོན་བཞིན་མཚམས་རེར་ལས་གཞི་འདི་དང་འབྲེལ་བའི་དམིགས་བསལ་ཆེད་ལས་པ་གདན་ཞུས་ཀྱིས་ཟབ་སྦྱོང་གི་གོ་སྐབས་ཀྱང་འཐོབ་སྲིད་པས་དེ་དོན་དགོངས་མངའ་ཡོང་བ་མཁྱཻན།
འབྲེལ་གཏུགས་ཁ་པར་ཨང་། ༩༨༨༠༣༨༨༨༠༦
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་ ༢༠༢༤ ལོའི་ཟླ་༦ ཚེས་ ༧ ལ།
དེ་ལས་མང་བ།...
༢༠༢༤ ལོ་གསར་འཚམས་འདྲི།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།༄༅། །བོད་རྒྱལ་ལོ་༢༡༥༡ཤིང་ཕོ་འབྲུག་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། །
ཤེས་རིག་བྱམས་བརྩེས་འཇིག་རྟེན་ཁྱབ་པའི་བཀྲ་ཤིས་ཤོག །
སྐྱེ་བོ་མཐའ་དག་ཞི་བདེས་འཚོ་བའི་བཀྲ་ཤིས་ཤོག །
ས་ཆུ་མེ་རླུང་གཡོ་འཁྲུག་ཞི་བའི་བཀྲ་ཤིས་ཤོག །
ཤིང་ཕོ་འབྲུག་ལོར་ཕུན་ཚོགས་དཔལ་གྱི་བཀྲ་ཤིས་ཤོག །
བོད་རྒྱལ་ལོ་༢༡༥༡རབ་གནས་ཤིང་འབྲུག་ལོའི་གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་དུས་བཟང་ལ། རིགས་རུས་གདུང་བརྒྱུད་གཅིག་ལས་མཆེད་ཅིང་སྐད་ཡིག་རིག་གནས་གཅིག་གིས་བསྡུས་པའི་སྤུན་ཟླ་ཡོངས་དང་། བོད་མི་རིགས་རིག་གནས་དང་བཅས་པར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་རོགས་རམས་གནང་མཁན་འཛམ་གླིང་གང་སར་གནས་པའི་གྲོགས་ཕོ་མོ་ཡོངས་ལ་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། །
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ༢༠༢༤ཟླ་༠༢ཚེས་༡༠ལ།
རྗེ་ཚེ་འཛིན་མའི་ཚེ་དབང་དང་བརྟན་བཞུགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེ་ཡང་སེར་བྱེས་མཁས་སྙན་གྲྭ་ཚང་དང་། བསམ་མཁན་ཆེན་རིན་པོ་ཆེ། རྩེ་ཐང་དགེ་བཤེས་བློ་བཟང་འཇམ་དཔལ་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་ྋརྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང་། འགྲེལ་བ་དོན་གསལ། ལེགས་བཤད་གསེར་གྱི་ཕྲེང་བ་བཅས་སྔ་ལོའི་འཕྲོས་བདུན་ཕྲག་གཅིག་གི་རིང་གནང་ནས་ལེགས་པར་གྲུབ་པ་དང་། དེ་རིང་སྟེ། ༢༠༢༤ ཕྱི་ཟླ་ ༡ པོའི་ཚེས་ ༣༡ ཉིན། དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་ཆེད། སེར་བྱེས་མཁས་སྙན་གྲྭ་ཚང་དུ་རྗེ་ཚེ་འཛིན་མའི་ཚེ་དབང་དང་འབྲེལ་བརྟན་བཞུགས་འདེགས་འབུལ་ཞུས་སོང་།
༢༠༢༤།༠༡།༣༡ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།