-
མདུན་ངོས།
- འཕྲིན་གསར།

འཕྲིན་གསར། (133)
དབུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སེ་རར་འཚམས་གཟིགས་སུ་ཕེབས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་མཛད་ཁུར་བཞེས་ཏེ་ལོ་ངོ་ལྔ་ལ་ཉེ་བའི་སྐབས་འདིར། ཉིན་སྦེལ་ཀོབ་གཞིས་ཆགས་སུ་མཚམས་གཟིགས་སུ་ཕེབས། ཕྱི་ཟླ་ ༢ པའི་ཚེས་ ༡༢ སྔ་དྲོ་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བརྟན་བཞུགས་ཆེད་ཕེབས་དང་། ཕྱི་དྲོ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་དུ་གནས་གཟིགས་བསྐྱངས་ཤིང་། སེར་སྨད་གྲྭ་ཚང་དང་། སེར་བྱེས་གྲྭ་ཚང་གཉིས་སུ་རིམ་གྱིས་གཟིགས་སྐོར་གནང་། དེའི་སྐབས་མཁན་པོ་རྣམ་པའི་དབུ་ཁྲིད་པའི་འཛིན་སྐྱོང་དང་། དགེ་འདུན་པ་རྣམས་ཀྱིས་ཕེབས་བསུ་དང་། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དགེ་འདུན་པ་རྣམས་ལ་གསུང་བཤད་གནང་སྐབས་ཀྱི་སྙིང་དོན་གཙོ་ཁག་ནི། འདི་ལོར་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ལ་ཕེབས་ཀྱི་ཡོད་སྟབས་བོད་མི་ཡོངས་ལ་གལ་གནད་ཆེ་བའི་ལོ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༢༥ལོ་འདི་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་སྐོར་ཡོངས་ཁྱབ་བསྒྲགས་ཟིན་པ་དང་། དེ་ཡང་བོད་མི་ཡོངས་ལ་ལོ་རྒྱུས་རང་བཞིན་ལྡན་པའི་དུས་སྐབས་ཤིག་ཡིན་པས་འདི་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་གནང་བ་དང་ཆབས་ཅིག་འདི་ལོར་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེ་དང་། འཚེ་མེད་ཞི་བ། བོད་མིའི་ངོ་བོ་སྲུང་སྐྱོབ་བཅས་ཀྱི་ཆེད་སྐུ་ཚེ་ཧྲིལ་པོ་སྐུ་ངལ་བསྐྱོན་པར་བསྐྱར་དྲན་བྱེད་པའི་གོ་སྐབས་ཤིག་ཡིན་པར་གསུངས། བོད་མི་ཚོས་རྒྱ་གར་གཞུང་དང་ས་གནས་ཡུལ་མི་དང་མཉམ་དུ་འབྲེལ་ལམ་བཟང་པོ་འཛུགས་རྒྱུ་གལ་གནད་ཡིན་པ་དང་། གཞན་ཡང་བོད་མི་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གནང་དགོས་སྐོར་དང་། བོད་མིའི་ནང་ཁུལ་ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་བ་ཡོད་ནའང་། མཐར་ཐུག་གི་དམིགས་ཡུལ་བོད་རང་དབང་འཐབ་རྩོད་ཀྱི་རྨང་གཞི་བརྟན་པོ་བཟོ་རྒྱུ་དེ་ཡིན་པས། བོད་སྤྱི་པའི་རྩ་དོན་ཆེད་དུ་ཞབས་འདེགས་བསྒྲུབ་དགོས་པའི་སྐུལ་མ་གནང་།
ཚེས་༡༣སཾ་བྷོ་ཊའི་སློབ་གྲྭ་དང་། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་། ལྷོ་ཕྱོགས་ཁྲིམས་ཞིབ་ཁང་། འཚོ་བྱེད་ཁང་གསར་སྨན་ཁང་བཅས་སུ་འཚམས་གཟིགས་གནང་རྒྱུ་དང་། ཚེས་༡༤བདེ་སླར་སློབ་གྲྭ་དང་། ཀེ་ལ་ཤ་སྤུ་ར་སཾ་བྷོ་ཊ་སློབ་གྲྭ། བོད་ཁྱིམ་སློབ་གྲྭ་བཅས་སུ་འཚམས་གཟིགས་དང་།
ཚེས་༡༥ལྷོ་ཕྱོགས་ཡན་ལག་རྩིས་ཞིབ་ཁང་། སྦེལ་ཀོབ་སྨན་རྩིས་ཁང་། བཀའ་བརྒྱུད་ནཱ་ལེནྜ་ལུང་རྟོགས་བསྟན་རྒྱས་གླིང་དགོན་པ། བདེ་སླར་ས་གནས་འགོ་འཛིན་ལས་ཁུངས་བཅས་སུ་འཚམས་གཟིགས་དང་། ལུགས་བསམ་མཉམ་འབྲེལ་ཚོགས་ཁང་དུ་མི་དམངས་ལ་གཏམ་བཤད་གནང་རྒྱུ་དང་།
ཚེས་༡༦ཉིན་སྦེལ་ཀོབ་ནས་ཕེབས་ཐོན་གནང་རྒྱུ་ཡིན་པ་བཅས་གསར་གནས་སྙིང་བསྡུས་སུ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་བསྡུ་བསྒྲིགས་བྱས། ཕྱི་ལོ་༢༠༢༥ཟླ་ ༢ ཚེས་ ༡༢ ཉིན།
དེ་ལས་མང་བ།...
བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་བྱམས་བརྩེའི་འོད་སྣང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དགུང་ལོ་དགུ་བཅུར་ཕེབས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་བྱམས་བརྩེའི་འོད་སྣང་།
སྲིད་གསུམ་འཇིག་རྟེན་ཆེ་དགུའི་ཅོད་པན་མཆོག །
ལུགས་ཟུང་ཉི་ཟླའི་དཀྱིལ་འཁོར་རབ་གསལ་བས། །
རྒྱལ་བསྟན་གླིང་བཞིའི་མཁའ་ལ་དབང་སྒྱུར་ཞིང་། །
ཕན་བདེའི་འོད་སྣང་འགྱེད་ཕྱིར་བརྟན་པར་བཞུགས། །
ཞེས་ཚིག་གིས་སྔོན་བསུས་ཏེ་འཕགས་མཆོག་ཕྱག་ན་པདྨོ་ངུར་སྨྲིག་གར་གྱི་རྣམ་རོལ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཛམ་གླིང་ཞི་བདེའི་དེད་དཔོན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གིས། བོད་མི་རིགས་བསྟན་པ་ཆབ་སྲིད་དང་བཅས་པ་ཆགས་འཇིག་གི་དུས་ཚོད་གཉན་ཕྲང་ཆེ་ཤོས་ཏེ་ཕྱི་ལོ་༡༩༥༠ ལོར་དགུང་གྲངས་བཅུ་དྲུག་ལས་མ་ཕེབས་ཀྱང་། བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ཡོངས་སུ་བཞེས་དགོས་བྱུང་བ་ནས་བཟུང་། དེ་སྔའི་བོད་གཞུང་གི་འཛིན་སྐྱོང་ལམ་ལུགས་ལ་བསྒྱུར་བཅོས་རིམ་པར་མཛད་པ་དང་། དེ་རྗེས་རྒྱ་ནག་དམར་པོའི་གཞུང་ལ་མེས་འཚིག་མེར་གཏུག་གིས་བོད་མི་རིགས་ཀྱི་ཕུགས་ཀྱི་དོན་ཆེན་ལ་བསྟུན་མཁས་རིམ་པར་གནང་ཡང་གྲུབ་འབྲས་མ་སོན་སྟབས། ཕྱི་ལོ་༡༩༥༩ ལོར་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། བཙན་བྱོལ་ནང་བོད་གཞུང་གི་འཛིན་སྐྱོང་ལམ་ལུགས་ཡོངས་རྫོགས་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེས་དགའ་མོས་བྱེད་པའི་མང་གཙོའི་ལམ་ལུགས་སུ་བསྒྱུར་བར་མ་ཟད། དུས་རབས་ཕྱེད་ལྷག་གི་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཧྲིལ་པོ་མང་གཙོའི་ན་ཚོད་ཡོངས་སུ་སྨིན་པའི་དར་མ་ཞིག་ལ་གསོ་སྐྱོང་མཛད་དེ། ཕྱི་ལོ་༢༠༡༡ ལོར་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་བདེ་བླག་ངང་སྩལ་ཡོད།
ལྷག་པར་དུ་གངས་ཅན་བོད་ཡུལ་དུ་རྒྱ་ནག་དམར་པོའི་གཞུང་གི་བཙན་འོག་ཏུ་ཉིན་མཚན་འཁྱོལ་བར་དཀའ་བའི་བོད་མི་རྣམས་ཀྱི་རེ་བའི་མིག་འབུར་གཏད་ཡུལ་དང་། བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ། དུས་དང་རྣམ་པ་ཀུན་ཏུ་མགོན་སྐྱབས་དཔུང་གཉེན་དུ་འཚོ་ཞིང་གཞེས་པ་ནི་བདག་ཅག་གངས་ཅན་པའི་བསོད་ནམས་ཡིན་པར་མ་ཟད། འཛམ་གླིང་འདིའི་འགྲོ་བ་མི་ཐེར་འབུམ་བརྒྱད་ཀྱི་བསོད་ནམས་ཀྱང་ལོས་མིན།
དེ་བཞིན་བཙན་བྱོལ་ནང་བོད་གངས་ཅན་པའི་རིགས་པའི་གཞུང་ལུགས་སྐད་ཡིག་དང་བཅས་པ་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོའི་ཆེད་དུ་གཞིས་ཆགས་དང་བོད་སློབ་ཁག་ཟུར་འཛུགས་མཛད་པ། རིས་སུ་མ་ཆད་པའི་དགོན་སྡེ་རྣམས་རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས་པ། འབྲས་བུ་ཡོངས་སུ་སྨིན་པ་འདི་དག་ཀྱང་གང་གི་ཐུགས་བསྐྱེད་མཛད་འཕྲིན་ཉག་གཅིག་ལས་བྱུང་བ་སྨྲོས་མེད་ཡིན།
མདོར་ན། མགོན་པོ་གང་གི་ཐུགས་བསྐྱེད་དམ་བཅའ་བཞིས་མཚོན་སྐྱེ་འགྲོ་སྤྱིའི་བདེ་སྡུག་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་ཕྱག་བཞེས་མཛད་དང་མཛད་བཞིན་པའི་བཀའ་དྲིན་གྱི་ཕུང་པོ་ནི་ས་གཞི་ཆེན་པོ་འདིའི་ལྗིད་ལས་ལྕི་ཞིང་། རྒྱ་མཚོ་ཆེན་པོ་འདིའི་གཏིང་ལས་ཟབ་པས། སྐུ་དྲིན་དེ་དག་གི་ཆ་ཤས་ཙམ་གསབ་ཕྱིར་དང་། སླད་ཀྱང་སྐུ་ཚེ་ཞབས་པད་གངས་ཅན་བོད་ཀྱི་གྲུབ་ཐོབ་ཆེན་པོ་ཐང་སྟོང་རྒྱལ་པོའི་སྐུ་ཚེ་དང་མཉམ་པར་བཞུགས་སུ་གསོལ་བའི་རྟེན་འབྲེལ་ལ་དམིགས་ཏེ། བྱམས་བརྩེའི་འོད་སྣང་། ཞེས་པའི་གཟེངས་བསྟོད་འདི་འབུལ་ལམ་ཞུས་པ་ལགས་ན། ཐུགས་དགྱེས་པ་ཆེན་པོས་བཞེས་སུ་གསོལ་ཞུ་རྒྱུ་དང། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ། གཞིས་བྱེས་ལྷན་འཛོམས་ཀྱི་དགའ་སྟོན་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཤུགས་དྲག་དང་བཅས།
གཞིས་བྱེས་གཉིས་སུ་གནས་པའི་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས་དགའ་དད་སྤྲོ་གསུམ་གྱིས། བོད་རྒྱལ་ལོ་༢༡༥༢ རབ་བྱུང་བཅུ་བདུན་པའི་ཤིང་སྦྲུལ། ཕྱི་ལོ་༢༠༢༥ ཕྱི་ཟླ་༢ ཚེས་༨ ཉིན། ཕུལ།།
ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ཕྱི་ལོ་༢༠༢༥ཟླ་༢ཚེས་༥ཉིན་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བྱེས་གྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཞབས་སོར་འཁོད་ཅིང་སེ་ར་ཚོགས་ཆེན་དང་བྱེས་སྨད་གཉིས་བཅས་ཐུན་མོང་ཐོག་བླ་མཆོད་བདེ་སྟོང་དབྱེར་མེད་ཀྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས། བརྟན་བཞུགས་ཀྱི་སྐབས་སུ་རིན་པོ་ཆེ་མཆོག་གིས་དམིགས་བསལ་བཀའ་སློབ་ཕེབས་དོན། གདན་ས་གསུམ་ལ་དམིགས་བསལ་གྱིས་ཐུགས་དགྱེས་ཚོར་ཆེན་པོ་ཡོད་པ་དང་། གདན་ས་གསུམ་གྱི་སློབ་གཉེར་ཚོས་ཀྱང་དམིགས་བསལ་གྱིས་ངོས་ལ་སེམས་ཐག་ཉེ་བོ་ཡོད་པ། འབྱུང་འགྱུར་དགུང་ལོ་བརྒྱ་དང་བཅུ་གྲངས་བཞུགས་རྒྱུ་ཡིན་པ་ཚོད་དཔག་ཐིག་གི་ཡོད་པ་བཅས་བཀའ་སློབ་ཕེབས། བརྟན་བཞུགས་གྲུབ་རྗེས་སུ་གྲྭ་ཚང་གི་དཔེ་ཁྲིད་རྒན་རྣམས་ལ་དམིགས་བསལ་མཇལ་ཁ་གནང་བ་བཅས།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ཕྱི་ལོ་༢༠༢༥ཟླ་༢ཚེས་༥ལ།