འཕྲིན་གསར།

འཕྲིན་གསར། (133)

དེ་ཡང་ཕྱི་ལོ་༢༠༢༥ཟླ་བ་༡ཚེས་༡༨ཉིན་གྱི་སྔ་དྲོར་བྱེས་ཀྱི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གནང་སྟེ། རིགས་ཚོགས་དང་བྱམས་ཆོས་ཀྱི་ཆོས་ཐོག་དམ་བཅའི་ཚོགས་མགོན་དུ་ཞབས་སོར་འཁོད་ནས་དགྱེས་གཟིགས་དང་བཅས། བླང་དོར་གྱི་བཀའ་སློབ་བཀའ་དྲིན་བསྐྱངས། 
བྱམས་ཆོས་དང་རིགས་ཚོགས་ཀྱི་ཆོས་ཐོག་འདི། ཕྱི་ལོ་༢༠༡༦ལོར་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་རི་བོ་དགེ་ལྡན་པའི་བསྟན་བདག་རྣམ་གསུམ་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་མི་བཅས་ལ་གདན་སའི་སློབ་གཉེར་བ་ཚོས་སྲོལ་རྒྱུན་ཚད་མའི་འཇང་དགུན་ཆོས་ཚོགས་པ་ཙམ་མ་ཡིན་པར། རྒྱ་གར་མཁས་པའི་གཞུང་སྟེ། རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་བྱམས་ཆོས་སྡེ་ལྔ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་ཚོགས་དྲུག་གི་བཅས་ཀྱི་ཐོག་ལ་སློབ་གཉེར་དང་། དེ་དག་གི་ཐོག་དགུན་ཆོས་ཚོགས་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པའི་བཀའ་སློབ་སྤྱི་ཕེབས་པ་ལྟར། ལོ་ལྟར་བཞིན་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་བཟུང་དུས་ཡུན་ཟླ་བ་གཅིག་རིང་འཚོགས་བཞིན་པའི་ཚད་མའི་འཇང་དགུན་ཆོས་དང་། དེ་དང་དུས་མཉམ་དུ་བྱམས་ཆོས་དང་རིགས་ཚོགས་ཀྱི་ཆོས་ཐོག་དེ་ཡང་ཟླ་བ་གཅིག་གི་རིང་གདན་ས་གསུམ་རེས་མོས་ཀྱིས་ཚོགས་སྲོལ་ཡོད་པ་ཞིག་ཡིན། འདི་ལོའི་བྱམས་ཆོས་རིགས་ཚོགས་ཀྱི་དགུན་ཆོས་སྐབས་དགུ་པ་དེ་གདན་ས་སེ་ར་ཐེག་ཆེན་གླིང་དུ་འཚོགས་བཞིན་པ་དང་། གདན་ས་གསུམ་གྱི་གྲྭ་ཚང་དྲུག་དང་། ར་སྟོད་གྲྭ་ཚང་། བཀྲིས་ལྷུན་པོ་བཅས་ཀྱི་དགེ་ལུགས་རྒྱུགས་སྤྲོད་ཕེབས་བཞིན་པའི་སློབ་གཉེར་བ་རྣམས་ནས་མཉམ་བཞུགས་གནང་ཡོད།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ཕྱི་ལོ་༢༠༢༥ཟླ་༡ཚེས་༡༨ལ།


ངོ་ཤོག 3 ནས་ 45